ཞི་ཅིན་ཕིང་གིས་མར་ཐཱའི་གསར་བསྐོས་ཙུང་ཐུང་ཏི་པའོ་ནའོ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2024.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས4ཉིན།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིས་ལིས་ཡཱ་མུའུ་སི་ཕིས་ཐའེ་ལིས་ཏི་པའོ་ནའོ་ལ་གློག་འཕྲིན་བཏང་ནས་མོ་མར་ཐཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མར་ཐཱ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ང་གཉིས་འགོར་བའི་རིང་ལ།  ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།    ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་ཞིང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ལ་།   དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་།    རིག་གནས་སློབ་གསོ།   སྨན་བཅོས་འཕྲོད་བསྟེན་བཅས་ཀྱི་ཐད་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།  ངས་ཀྲུང་གོ་དང་མར་ཐཱའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་དང་།   བུད་མེད་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོ་དང་མར་ཐཱའི་འབྲེལ་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།