ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་།
2024.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་ཚང་མར་སྡོང་འཛུགས་ནགས་སྐྲུན་ཁྲོད་འབད་པས་ཞུགས་ནས། མི་ཚང་མས་ལྗང་མདོག་གི་ཕོ་ཉ་དང་སྐྱེ་ཁམས་ཀྱི་གདོང་ལེན་པ་རུ་འགྱུར་བར་བརྩོན་ལེན་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཆེད་དུ་ལྗང་མདོག་བསྣན་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཞིག་མཉམ་དུ་རྩོམ་ཆེད་འབད་འབུངས་བྱེད་དགོས་ཞེས་ནན་གྱིས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་ས་གནས་ཁག་ཏུ་ཚུར་སྣང་ཆེན་པོ་བྱུང་། ཚང་མས་བྱ་སྤྱོད་དངོས་ལ་བརྟེན་ནས་སྡོང་འཛུགས་ནགས་སྐྲུན་ལས་དོན་སྤེལ་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་གྱི་ལག་བསྟར་མཁན་དང་སྐུལ་འདེད་གཏོང་མཁན་རྣལ་མ་ཞིག་བྱས་ཏེ། མཉམ་དུ་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ལུའུ་ཁྲིན་གྲོང་བརྡལ་དུ་བསྐྱོད་དེ། རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་ལ་ཞུགས་པ་དང་།  ཁོང་གིས་ང་ཀྲུང་དབྱང་དུ་བྱ་བ་སྒྲུབ་ཏུ་ཡོང་རྗེས། བསྟུད་མུར་ལོ17གྱི་རིང་ལ་ང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་ཡོད་ཅེས་གསུངས།

ཉེ་བའི་ལོ་ངོ་བཅུའི་རིང་ལ། རང་རྒྱལ་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་བརྒྱད་ཀྱི་ལྗང་སྒྱུར་ལས་དོན་ཡོངས་འགྲུབ་བྱས་པ་དང་། ནགས་ཚལ་ཁེབས་ཚད་བརྒྱ་ཆའི་ཉེར་བཞི་ལས་བརྒལ་ཏེ། རང་རྒྱལ་འདི་ཉིད་འཛམ་གླིང་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་འཕར་ཚད་ཆེས་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ད་ལོའི་དཔྱིད་ཀར་ས་གནས་སོ་སོས་མཛེས་པའི་ཀྲུང་གོ་བསྐྲུན་པར་བྲེལ་བཞིན་ཡོད།

རེ་སྨོན་གྱིས་བཙུགས་པའི་སྡོང་བོ་དག་དལ་མོའི་ངང་ཡར་སྐྱེས་ངེས་པ་དང་། རི་ཆུའི་ལྗང་མདོག་གིས་རྒྱལ་ཁོངས་ཀྱི་གྲུ་ཟུར་རེ་རེ་ནེམ་ཡུག་ཡུག་ཏུ་བསྒྱུར་ཐུབ་ངེས་ཡིན། མེས་རྒྱལ་ལྗང་སྒྱུར་ནི་ལྗང་མདོག་གི་ཁེབས་རྒྱ་ཆེ་རུ་བསྐྱེད་པ་དང་ལྗང་མདོག་གི་རི་ཆུར་སྲུང་སྐྱོབ་བྱེད་པ་གཉིས་མཉམ་འཛིན་བྱེད་དགོས། ཐེངས་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་པ་དེས། རྒྱལ་ཁོངས་ལྗང་སྒྱུར་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱང་གསུམ་ས་ཁུལ་ནི་རྒྱལ་ཁབ་ས་ཆ་ལྗང་སྒྱུར་གྱི་གཡུལ་ས་གཙོ་བོ་ཡིན་པས། སྟོབས་ཤུགས་སྔར་ལས་གང་མང“བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་ཁྲོད་གཅིག་སྡུད་བྱས་ནས། ཞིན་ཅང་བྱང་རྒྱུད་ཀྱི་ལྗང་མདོག་གི་ལྕགས་རི་རིང་པོ་བསྐྲུན་དགོས་ཞེས་ནན་གྱིས་གསུངས། དེང་སྐབས་ལྗང་མདོག་གི་ལྕགས་རི་རིང་པོའི“བྱང་གསུམ”འགོག་སྲུང་ནགས་ཚལ་བཟོ་སྐྲུན་ལེ་དབར་ཁྲི་ཡི་སར་ཁྱབ་ཡོད་ཅིང་། གཙོ་གནད་བཅོས་སྐྱོང་ཁུལ་དུ“བྱེ་འཛུལ་མི་བྲོས”ནས“ལྗང་འཛུལ་བྱེ་བྲོས”བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད།

མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མི་ཚང་མའི་འབད་བརྩོན་དང་ཁ་འབྲལ་ཐབས་རྩ་བ་ནས་མེད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་བྱ་སྤྱོད་དངོས་ཀྱི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་འབོད་སྐུལ་དང་ལེན་བྱས་ཏེ། སྡོང་འཛུགས་ནགས་སྐྲུན་ལ་འབད་པས་ཞུགས་ནས། མི་ཚང་མས་ལྗང་མདོག་གི་ཕོ་ཉ་དང་སྐྱེ་ཁམས་ཀྱི་གདོང་ལེན་པ་རུ་འགྱུར་བར་བརྩོན་ལེན་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་མཛེས་སྡུག་དང་ཚོས་མདངས་སྣོན་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།