ཧི་ལིས་ཧྥུན་གྱིས་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་ཡེ་ལུན་དང་གྲོས་མོལ་གནང་།
2024.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་བྱ་བའི་ཕྱོགས་གཉིས་ཀའི་སྣེ་ཁྲིད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་དང་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་ཡེ་ལུན་གཉིས་ཀྱིས་ཟླ4པའི་ཚེས5ནས་ཚེས6ཉིན་བར་ཀོང་ཀྲོའུ་རུ་ཐེངས་དུ་མར་གྲོས་མོལ་བྱས། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ཏེ། རྒྱལ་ཁབ་གཉིས་དང་དེ་བཞིན་འཛམ་གླིང་ཧྲིལ་པོའི་སྤྱི་ཁོག་དཔལ་འབྱོར་གྱི་གནས་སྟངས་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་འབྲེལ་བ། འཛམ་གླིང་ཧྲིལ་པོའི་འགྲན་སློང་བཅས་ཀྱི་སྐོར་ནས་གཏིང་ཟབ་མོ་དང་ལྷག་བསམ་ཟོལ་མེད། དངོས་གཉེར་དངོས་ཕན། དགེ་མཚན་ལྡན་པ་བཅས་ཀྱི་སྒོ་ནས་བརྗེ་རེས་བྱས། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་དང་དངུལ་རྩའི་ལས་དོན་ཚན་ཁག་གི་གཞི་ཁྱོན་འོག་ཏུ། ཀྲུང་གོ་དང་ཨ་མེ་རི་ཁ་དང་དེ་བཞིན་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་དོ་སྙོམས་ངང་འཕར་སྣོན་ཡོང་བར་བྱེད་པ་དང་དངུལ་རྩ་བརྟན་པོ་ཡོང་བར་བྱེད་པ། དངུལ་རྩ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ། ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་གྲོས་གཞིར་གྲོས་བསྡུར་བྱ་རྒྱུར་མོས་མཐུན་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁས་ཀྲུང་གོའི་དཔལ་འབྱོར་ཚོང་དོན་ལ་ཚོད་འཛིན་བྱེད་ཐབས་སྤྱོད་ཀྱིན་པའི་ཐད་དོ་ཁུར་ཆེན་པོ་བྱས་པ་དང་། ཐོན་ནུས་ཀྱི་གནད་དོན་ཐད་ལན་གང་ལེགས་འདེབས་རྒྱུ་ཡིན་པའི་བསམ་པ་བསྟན། ཕྱོགས་གཉིས་ཀས་མུ་མཐུད་དུ་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུར་མོས་མཐུན་བྱུང་།

བན་དེ་སྐྱབས་ཀྱིས་བསྒྱུར།