ཝང་དབྱི་ཡིས་ཀོང་ཞི་རུ་མཐའ་མཚམས་འགག་སྒོ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
2024.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། མཐའ་མཚམས་འགག་སྒོ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་བསྣན་ནས། ཀོང་ཞི་ཡི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱི་ཁྲོམ་རའི་གཉེར་ཕྱོགས་སྟབས་བདེ་ཅན་དུ་གཏོང་ཆེད་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་སྣོན་དགོས་ཞེས་ནན་གྱིས་བསྟན།

ཝང་དབྱི་ཡིས་ཀོང་ཞི་ནི་རང་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་ཞིང་ཆེན་གཙོ་བོ་ཞིག་དང་རང་སྐྱོང་ལྗོངས་ཤིག་ཡིན་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འགྲོ་འོང་མཉམ་ལས་ཀྱི“སྒོ་མོ་གཙོ་བོ”ཞིག་ཀྱང་ཡིན་པས། རྒྱལ་ཁབ་འཕེལ་རྒྱས་དང་ཕྱི་འབྲེལ་གྱི་ཁྱོན་ཡོངས་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་ལྡན་ལ། དེ་བསྟུན་གྱི་འགན་འཁྲི་ལྕི་མོའང་ཕྲག་སྟེང་དུ་བླངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་དུ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ཞབས་འདེགས་བཟང་བོ་ཞུ་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དངོས་མང་བཤམས་ཚོགས་ཀྱི་གསེར་གྱི་མིང་བྱང་སྔར་ལས་བཀྲག་མདངས་ལྡན་པར་བྱས་ཏེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་ཁ་ཕྱོགས་པའི་སྒོ་འབྱེད་ཅན་གྱི་རྒྱལ་སྤྱིའི་བགྲོད་ལམ་ཆེན་པོ་ཡངས་པོར་གཏོད་དགོས་ཞེས་བསྟན།

ཝང་དབྱི་ཡིས་ཀོང་ཞི་ཡིས་ཡོ་ནན་རྒྱལ་ཁབ་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱུ་དང་། ཀྲུང་གོ་དང་ཡོ་ནན་མཛའ་མཐུན་གྱི་དམངས་བློ་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། རྒྱལ་མཚམས་ལས་བརྒལ་བའི་རྨང་གཞིའི་སྒྲིག་ཆས་ཕན་ཚུན་སྦྲེལ་མཐུད་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། ཤེས་རབ་སྟབས་བདེ་ཅན་དང་མཉམ་འདྲེས་འཕེལ་རྒྱས་ཅན། མཛའ་མཐུན་སྤེལ་རེས་ཅན། ཕྱོགས་བསྡུས་བདེ་འཇགས་ཅན་བཅས་ཀྱི་མཐའ་མཚམས་འགག་སྒོ་འབད་པས་བསྐྲུན་པ་བཅས་བྱས་ནས། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བསྟན།

ཝང་དབྱི་ཡིས་ཕྱི་འབྲེལ་ཕྱི་དོན་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ནས་ནུས་ཤུགས་སྔར་ལས་ཆེན་པོས་ཀོང་ཞི་ལ་གཞོགས་འདེགས་དམ་ཟབ་སྒོས་ཕྱི་ཕྱོགས་དང་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱི་དོན་འཇོན་མི་སྔར་ལས་གང་མང་གསོ་སྐྱོང་བྱེད་པ། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཀོང་ཞི་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་ཐད་རོགས་རམ་བྱེད་དགོས་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།