ཁྲིན་ཀང་གིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ་རྟོག་ཞིབ་དང་བཞུགས་མོལ་བྱས།
2024.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ་རྟོག་ཞིབ་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་རང་ངོས་ཀྱི་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། འཐབ་རྩོད་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ནུས་པ་ཇེ་དྲག་ཏུ་བཏང་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་བས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྲུང་སྐྱོབ་བྱེད་དགོས།

ཁྲིན་ཀང་གིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བླངས་པའི་བྱ་བའི་གྲུབ་འབྲས་གསར་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ན་ནིང་གི་ཚུན་ལ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུས་ཏེ། ལྟ་རྟོག་འདོན་སྤེལ་གང་ལེགས་བྱས་ནས་ལག་བསྟར་ལ་འགན་སྲུང་བྱས་པ་དང་འགན་འཁྲིའི་ནུས་པ་འཐུས་ཚང་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་། དར་ཆ་མངོན་གསལ་གྱིས་སྒྲིག་ཁྲིམས་ཞིབ་བཤེར་གྱི་གྱོད་དོན་ཐག་གཅོད་བྱེད་ཤུགས་ཇེ་ཆེར་བཏང་ལ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་གཞི་རིམ་དམ་འཛིན་བྱས་ནས་རྨང་གཞི་འདིང་བ་དམ་འཛིན་བྱས། གྱོད་དོན་གྱིས་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པའི་དཔུང་སྡེའི་སློབ་གསོའི་དག་ཐེར་སྤེལ་བར་སྐུལ་འདེད་བཏང་སྟེ། ཟོལ་མེད་ཀྱིས་ཏང་ཀྲུང་དབྱང་གིས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དངོས་འབེབས་གང་ལེགས་བྱས་ཡོད།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་རེ་བ་ཆེན་པོ་བཅངས་ཡོད། སྐྱེ་ཁམས་གཉིས་ལེགས་པོར་འཛུགས་པ་དང་བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་ལྟ་སྐུལ་ལ་སྐུལ་འདེད་གཏོང་བ་དེ་བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་དུ་བསྒྱུར་ནས། རྒྱུན་རྣམ་ཅན་གྱི་འགན་འཁྲི་རྩད་གཅོད་ལ་ཤུགས་བསྣན་ཏེ། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོས་མཛེས་སྡུག་ཡིད་དུ་འོང་བའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་དང་བསྟུད་མར་ཤུགས་འདོན་བྱས་ནས་ཡུན་རིང་བོར་བྱས་རྗེས་འཇོག་དགོས་ལ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་ཆུ་རགས་སྲ་བརྟན་དུ་བཏང་ནས། གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་བཅས་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས། གནད་འགག་གྲངས་ཉུང་དང་ཁྱབ་ཁོངས་གཙོ་བོ། བྱ་བ་གཙོ་བོ་བཅས་དམ་འཛིན་བྱས་ཏེ། ཤུགས་ཆེན་པོས་རུལ་སུངས་འབྱུང་སའི་གཤིན་ས་དང་ཆ་རྐྱེན་རྩ་མེད་དུ་གཏོང་དགོས་ལ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་རུལ་སུངས་སྤྱོད་ཚུལ་མཉམ་དུ་རྩད་གཅོད་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། བཟོ་སྐྲུན་ལས་གཞིའི་ཚོང་འགུག་སོགས་ཁྱབ་ཁོངས་གཙོ་བོར་མཐོ་གནོན་རྣམ་པ་སྲུང་འཛིན་བྱས་ནས། མང་ཚོགས་ཉེ་འདབས་ཀྱི་དར་སྲོལ་མི་ལེགས་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱེད་པ་དང་། སྤྱོད་གཙང་ནུས་མཐོས་གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བར་སྐུལ་འདེད་བཏང་སྟེ། སྐོར་ཞིབ་ཕྱིར་ལྡོག་གནད་དོན་གྱི་དག་ཐེར་བཅོས་སྒྱུར་དང་ཕྱིར་བལྟ་བྱ་བ་བཟང་བོར་སྒྲུབ་པར་གཅིག་འདོམས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱས་ཏེ། སྣེ་ཁྲིད་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར། བརྩི་སྲུང་བཅས་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་ལ་ཟུང་འབྲེལ་བྱེད་པ་དང་། དར་ཆ་གསལ་བོས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ལྟ་སྐུལ་དང་ཉིན་རྒྱུན་གྱི་ལྟ་རྟོག སྒྲིག་ཁྲིམས་ལག་བསྟར་གྱི་ལྟ་སྐུལ་བཅས་ལ་ཤུགས་བསྣན་ནས། ཆབ་སྲིད་ཐད་ཀྱི་ངོ་གཉིས་མ་མཐའ་གཅིག་ཏུ་རྩད་གཅོད་བྱེད་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱས་ནས་སྒྲིག་ཁྲིམས་སློབ་གསོའི་ཕན་འབྲས་དངོས་མཐོར་འདེགས་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཡོད་ཀྱིས་གཞོགས་འདེགས་བྱེད་དགོས། དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་མུ་མཐུད་དུ་སློབ་གསོ་དག་ཐེར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱེད་པ་དང་། གནས་བབ་གསར་བ་དང་ལས་འགན་གསར་བར་དམིགས་ནས་གཞི་གྲངས་ཅན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་མ་ལག་འཛུགས་སྐྲུན་བྱེད་པར་མྱུར་མོར་སྐུལ་འདེད་གཏོང་བ་དང་། འཐབ་འཛིང་ནུས་པ་གསར་མ་བསྐྱེད་ནས། སྐྱོད་ལམ་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུས་སྔར་བཞིན་དུ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་དཔུང་སྡེའི་འཛུགས་སྐྲུན་ལ་སེམས་ཁུར་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ལས་འགན་ལག་བསྟར་ནན་མོ་བྱེད་པར་ཁོར་ཡུག་དང་ཆ་རྐྱེན་བཟང་བོ་བསྐྲུན་རྒྱུ་ཡིན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་མཱེ་ཕེན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་རྟོག་ཞིབ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།