ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཁྲིན་ཀང་གིས་འགོ་འཛིན་བྱས།
2024.04.08 ཁུངས། ཀློག་གྲངས། 0

ཟླ4པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཉེ་སྔོན་གྱི་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མི་རིགས་ཆོས་ལུགས་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སོགས་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཆོས་ལུགས་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། རང་རྒྱལ་གྱི་མི་རིགས་ཆོས་ལུགས་བྱ་བའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད། མཚོ་སྔོན་ནི་ཞིན་ཅང་དང་བོད་ལྗོངས་བརྟན་ལྷིང་ཡོང་བའི་འཐབ་ཇུས་ཀྱི་གནས་གཙོ་བོ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ནན་མོ་ལེན་པ་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་འཆར་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ། ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པ་ཡོང་བར་བྱ་རྒྱུར་ཁྲིད་སྟོན་གང་ལེགས་བྱེད་པ། བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་དགོས། ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་ལག་བསྟར་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ། དུས་འགོའི་བཀོད་སྒྲིག་བྱ་བ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། མཚོ་སྔོན་དང་། སི་ཁྲོན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དང་དར་རྒྱས་བཟོ་སྐྲུན་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱེད་དགོས། མཉམ་ལས་དང་གཞོགས་འདེགས་བྱེད་རྒྱུར་ཤུགས་བསྣན་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱེད་པ་དང་། དྲིལ་སྒྲོག་དང་སློབ་གསོ། ཁྲིད་སྟོན་བཅས་བྱེད་པར་དོ་སྣང་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་དམ་འཛིན་ལྷོད་མེད་བྱས་ནས་བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་ངང་གོང་འཕེལ་གཏོང་རྒྱུར་དངོས་སུ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བསླབ་ནས་སྤྱོད་བཟང་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་ཚད་རྒྱ་སྐྱེད་རྒྱང་སྲིང་བྱེད་པ་ཞིག་ཡིན་པས། ཏང་ཀྲུང་དབྱང་གིས་སྒྲིག་ཁྲིམས་གཟབ་ནན་གྱི་སྒོ་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་རྣམ་འགྱུར་གསལ་པོ་དང་ཆོད་སེམས་བརྟན་པོ་གང་ལེགས་སྒོས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དངོས་སུ་གཅིག་གྱུར་ཡོང་བར་བྱེད་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་གནད་དམ་འཛིན་བྱེད་པ། སྔ་ཕྱི་བར་གསུམ་དུ་ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཡག་པོར་སྤེལ་བ་བཅས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱས་ཏེ་སྒྲིག་ཁྲིམས་སློབ་པ་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་རྟོགས་པ། སྒྲིག་ཁྲིམས་བརྩི་བ་བྱེད་དགོས། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བཟོ་སྐྲུན་རྣམ་གྲངས་ཀྱི་ཚོང་འགུལ་དངུལ་གཏོང་ཁྱབ་ཁོངས་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ། རུལ་སུངས་ཀྱི་གནད་དོན་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་བྱ་བར་དམིགས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་ཚང་མ་མཚོ་སྔོན་གྱི་བྱ་བ་སོ་སོའི་ཆུ་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་འགྱུར་བར་བྱེད་དགོས། གྱོད་དོན་གྱིས་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་དང་སྤྱོད་ཚུལ་གྱི་གནད་དོན་མངོན་གསལ་གྱི་ཆེད་དོན་བཅོས་སྒྲིག་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས། “ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་དུ་བསྐྲུན་ནས་བྱ་བའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ་རང་ཞིང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐད་གྲུབ་འབྲས་ཏན་ཏིག་ཐོབ་པར་འགན་ལེན་བྱེད་དགོས།

གྲོས་ཚོགས་སྟེང2024ལོའི་ཞིང་ཆེན་ཡོངས་ཀྱི་ཏང་ནང་གི་ཁྲིམས་སྲོལ་བྱ་བའི་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། ན་ནིང་གི་ཞིང་ཆེན་ཡོངས་ཀྱི་ཏང་ནང་གི་ཁྲིམས་སྲོལ་བྱ་བར་ཁས་ལེན་གང་ལེགས་བྱས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས། བྱ་སྤྱོད་ཆུང་ངུ་ལ་བརྟེན་ནས་བྱ་བ་ཆེན་པོ་ལེགས་པོར་སྒྲུབ་པ་དང་། མིག་སྔའི་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོར་དམིགས་ཏེ་དངོས་གཉེར་གོ་ཆོད་ཀྱི་ཏང་ནང་གི་ཁྲིམས་སྲོལ་དང་ལམ་ལུགས་འདོན་སྤྲོད་བྱེད་དགོས། ཆབ་སྲིད་སྲིད་ཇུས་ཀྱི་འགག་སྒོ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འགག་སྒོ། གོ་རིམ་ཡིག་ཆའི་འགག་སྒོ་བཅས་མཐའ་གཅིག་ཏུ་ཡག་པོར་སྲུང་ནས་ཏང་ནང་གི་ཁྲིམས་སྲོལ་ཐོ་འགོད་ཞིབ་བཤེར་བྱ་བ་ཡག་པོར་སྒྲུབ་སྟེ་ཕྱོགས་ཡོངས་ནས་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས།  ལམ་ལུགས་ཀྱི་འདུ་ཤེས་དང་ལུགས་སྲོལ་གྱི་འདུ་ཤེས་དྲག་པོ་བརྟན་པོར་འཛུགས་པ་དང་། གསར་དུ་བཏོན་པའི་ཏང་ནང་གི་ཁྲིམས་སྲོལ་སློབ་སྦྱོང་སློབ་གསོ་དམ་འཛིན་ལེགས་པོ་བྱས་ཏེ་ཁྲིམས་སྲོལ་ལམ་ལུགས་སོ་སོ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོབ་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

ཤ་བོ་གསེར་མཚོས་བསྒྱུར།