ཧྲིན་དབྱི་ཆིན་གྱིས་ཐེ་གོའི་སྲས་མོ་ཧྲི་ལིན་ཐུང་ལ་ཐུག་འཕྲད་བྱས
2024.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས7ཉིན་རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་པེ་ཅིང་དུ་ཐེ་གོའི་སྲས་མོ་ཧྲི་ལིན་ཐུང་ལ་ཐུག་འཕྲད་བྱས།

ཧྲིན་དབྱི་ཆིན་གྱིས་སྲས་མོ་ཧྲི་ལིན་ཐུང་གིས་ཀྲུང་གོར་འཚམས་འདྲི་བྱས་པར་ལྷག་བསམ་འཁོལ་བའི་ངང་ནས་དགའ་བསུ་ཞུས་པ་དང་། ཧྲི་ལིན་ཐུང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་ལ་བྱམས་བརྩེའི་ངང་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས་ལ། སྲས་མོ་ལགས་ཀྱིས་ཀྲུང་གོ་དང་ཐེ་གོའི་མི་དམངས་བར་གྱི་བརྗེ་རེས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་བྱས། ཧྲིན་དབྱི་ཆིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ“ཀྲུང་གོ་དང་ཐེ་གོ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”སྲོལ་རྒྱུན་གྱི་བརྩེ་སེམས་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྔར་ལས་འཛུགས་སྐྲུན་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཧྲི་ལིན་ཐུང་གིས་བསྟན་དོན། ཀྲུང་གོར་འཚམས་འདྲི་བྱེད་ཐེངས་རེར་ཀྲུང་གོ་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་སེམས་ཀྱིས་ཚོར་ཐུབ། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཡུན་རིང་ནས་ཡུན་རིང་དུ་གནས་རྒྱུའི་རེ་བ་བཅངས་ཡོད་ཟེར།