ཁྲིན་ཀང་གིས་མདོ་བ་ལུས་རྩལ་རྟེན་གཞི་རུ་རྟོག་ཞིབ་བྱས།
2024.04.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་སྔོན་མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་རུ་རྟོག་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱས་ཏེ། ལུས་རྩལ་ལས་དོན་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཁྲོད་དུ་བཞག་ནས་བསམ་གཞིགས་གཏོང་དགོས་ཤིང་། མཐོ་སྒང་གི་ཁྱད་ལྡན་དགེ་མཚན་འདོན་སྤེལ་བྱེད་པ་དང་ལུས་རྩལ་གྱི་བྱེད་ནུས་དང་རིན་ཐང་ཕྱིར་མངོན་པར་བྱས་ཏེ་མཐོ་སྒང་ལུས་རྩལ་གྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གསར་བ་སྤོ་དགོས་ཞེས་ནན་གྱིས་བསྟན།

ཨང་དང་པོའི་འབྱུང་གནས་ཞེས་གྲགས་པའི་མདོ་བ་ལུས་རྩལ་རྟེན་གཞི་ནི་ཀྲུང་གོ་དང་ཡང་ན་ཨེ་ཤ་ཡའི་ས་བབ་ཆེས་མཐོ་ཞིང་། བཟོད་བསྲན་གྱི་ནུས་ཤུགས་སྦྱོང་བརྡར་ལ་ཧ་ཅང་འཚམ་པའི་མཐོ་སྒོང་ལུས་རྩལ་སྦྱོང་བརྡར་གྱི་རྟེན་གཞི་ཞིག་ཡིན། ཁྲིན་ཀང་རྩལ་ནུས་སྦྱོང་བརྡར་བདེ་ཐང་སླར་གསོ་ལྟེ་གནས་དང་། འཁྱགས་ལྟིར་ཁང་། མཐོ་སྒང་སྦྱོང་བརྡར་གྱི་གཙོ་གནད་ཚོད་ལྟ་ཁང་། བྱེད་ནུས་སྣ་མང་སྦྱོང་བརྡར་ཁང་། མཆོང་རྒྱུགས་འཕེན་གསུམ་ཁང་། མདའ་འཕེན་ཁང་བཅས་ལ་སོང་སྟེ། འཁྱགས་ལྟིར་དང་། ཁུ་ཚུར་གཞུ་རྩལ། ཐའེ་ཆོན་ཏའོ་དྲག་རྩལ། མཆོང་རྒྱུགས་འཕེན་གསུམ། དྲག་རྩལ།  མདའ་འཕེན་སོགས་ཀྱི་སྦྱོང་བརྡར་ལ་བལྟས་ཤིང་། རྩལ་ཁྲིད་མཁན་དང་ལུས་རྩལ་པ། ཚན་ཞིབ་མི་སྣ་སོགས་དང་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད། མཐོ་སྒང་ལུས་རྩལ་རྩལ་སྦྱོང་ཐད་ཀྱི་ཚན་རྩལ་འདེགས་སྐྱོར་དང་ཞབས་ཞུ་འགན་སྲུང་བྱ་བར་རྒྱུས་ལོན་ཞིབ་མོ་བྱས་ནས། མདོ་བ་ལུས་རྩལ་རྟེན་གཞིའི་ལོ་མང་པོའི་རིང་གི་ཞབས་ཞུ་འགན་སྲུང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་།  ལུས་རྩལ་པ་རྣམས་ཀྱིས་དཀའ་སྤྱད་སྦྱོང་བརྡར་ཁྲོད་སྔར་མེད་ཀྱི་འཇོན་ནུས་བསྐྱེད་པ་དང་། འབད་འབུངས་ཧུར་བརྩོན་ཁྲོད་ཞུམ་མེད་ཀྱི་བྱེད་ཕྱོགས་སྐྱེད་སྲིང་བྱེད་པ། རང་ཉིད་ལས་རྒྱལ་བར་བྱེད་པའི་ཁྲོད་སྔར་ལས་ལྷག་པའི་གྲུབ་འབྲས་བརྩོན་ལེན་བྱས་ནས།  འབད་པ་ཆེན་པོས་མཚོ་སྔོན་ལ་གཟི་འོད་གསར་བ་སྣོན་པ་དང་། མེས་རྒྱལ་ལ་གཟི་བརྗིད་བསྐྲུན་དགོས་པའི་སྐུལ་མ་བཏང་།

ཁྲིན་ཀང་གིས་བསྟན་དོན། མཐོ་སྒང་གི་ཁོར་ཡུག་གིས་ལུས་རྩལ་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བར་རོགས་རམ་བྱེད་ཐུབ་ཅིང་། ཁྱད་ལྡན་ཁམས་གསོ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྱད་འཕགས་དགེ་མཚན་ལྡན། འཛམ་གླིང་གི་མཐོང་རྒྱ་ཡོད་པར་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བར་མཉམ་ལས་བརྗེ་རེས་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ་དང་། མཐོ་སྒང་ལུས་རྩལ་རྩལ་སྦྱོང་གི་ཚན་རིག་རང་བཞིན་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། རྩལ་འགྲན་ལུས་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་དམིགས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་དུ་ཤུགས་རྐྱེན་ཡོད་པའི་ལུས་རྩལ་འགྲན་སྡུར་གོ་རིམ་ཡོད་པར་སྤེལ་བ་དང་། ལུས་རྩལ་ཁམས་གཡེང་འཛད་སྤྱོད་དང་རིག་གནས་ཡུལ་སྐོར། ལུས་སྦྱོང་ཁམས་གསོ། གྲོང་གསེབ་དར་སྤེལ་སོགས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལུས་རྩལ་ཆེན་མོ་དང་བདེ་ཐང་ཆེན་མོ། རྟེན་གཞི་ཆེན་མོའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ལུས་རྩལ་སྦྱོར་བརྡར་རྟེན་གཞིའི་ཚོང་རྟགས་ཤུགས་རྐྱེན་ལ་གཞི་བཅོལ་ཏེ། ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཆེར་སྤེལ་བ་མ་ཟད། དེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་བསྩལ་ནས། མང་ཚོགས་ལུས་སྦྱོང་དང་། རྩལ་ནུས་ལུས་སྦྱོང་། ལུས་སྦྱོང་ཐོན་ལས་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཀྲུའུ་ཞང་ཧྥིན་དང་ཝང་ཧའེ་ཧུང་རྟོག་ཞིབ་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།