དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་གང་ལའང་མི་གཏོགས་པའི་མི་སྣའི་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།
2024.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་གང་ལའང་མི་གཏོགས་པའི་མི་སྣའི་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུ་ཚེས8ཉིན་པེ་ཅིང་དུ་བསྡུས།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།   ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་ཟབ་མོ་དང་གོ་བ་གཏིང་ཟབ་ལེན་པ།   གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ།   འགན་འཁྲིའི་འདུ་ཤེས་མཐོན་པོས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བ་བཟང་བོར་སྒྲུབ་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྔར་ལས་རོགས་འདེགས་བྱེད་དགོས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་ལ་སྔར་ལས་ཞབས་འདེགས་བཟང་བོ་ཞུ་དགོས་ཞེས་བསྟན།

ཝང་ཧུའུ་ཉིང་གིས་འདས་པའི་ལོ་གཅིག་གི་རིང་ལ་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་དེ་མིན་ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་དང་མཉམ་དུ་སྦྲེལ་མཐུད་མཐུན་སྦྱོར་བཟང་བོ་བྱས་ནས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དམངས་གཙོའི་ལྟ་སྐུལ་ལ་སྒྲིག་གཞི་དང་ཕན་འབྲས་ཡོད་པར་བྱས་ཞེས་བསྟན།

ཝང་ཧུའུ་ཉིང་གིས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དམངས་གཙོ་ལྟ་སྐུལ་སྤེལ་བ་ནི་ཀྲུང་གུང་ཀྲུང་དབྱང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས།   འབྲི་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་འགྱུར་དང་སྤུས་འགྱུར་གྱི་གནད་འགག་གི་དུས་སྐབས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་།  ཀྲུང་གུང་ཀྲུང་དབྱང་གི་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་དུ་དམིགས་པ།    དམངས་གཙོ་ལྟ་སྐུལ་གྱི་ངོ་བོའི་ངེས་གནས་ལ་ཐོག་མཐར་བར་གསུམ་དུ་སྟངས་འཛིན་ནན་མོ་བྱེད་པ།   ཁྱད་ལྡན་དགེ་མཚན་འདོན་སྤེལ་བཟང་བོ་བྱེད་པ།   གཙོ་གནད་དང་དཀའ་གནད་རྒྱུན་མཐུད་ངང་གཅིག་སྡུད་བྱས་ནས་ཁ་ཕྱོགས་ཡང་དག་དང་ཤུགས་འདོན་གནད་ལ་འཁེལ་བ།   ཕན་འབྲས་བཟང་བོ་ཡོང་བ་བཅས་བྱེད་དགོས།   བྱ་བའི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་།  སྣེ་ཁྲིད་སྡེ་ཁག་གིས་འཆར་འགོད་སྐུལ་འདེད་དང་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པ།  ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་དམངས་གཙོ་ལྟ་སྐུལ་སྤེལ་བར་རྒྱབ་སྐྱོར་བྱེད་པ།  འབྲེལ་ཡོད་ཕྱོགས་སོ་སོས་དམངས་གཙོའི་ལྟ་སྐུལ་གྲུབ་འབྲས་ཚུལ་སྒྱུར་བེད་སྤྱོད་བྱེད་ཚད་ཆེ་རུ་གཏོང་བ་དང་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏམ་རྒྱུད་བཟང་བོ་བཤད་དེ་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བ་དོན་འཁྱོལ་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས།    ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་མིན་ཅིན།   ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥིན།   ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ།    ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙོ་ཅུན།   དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ།    ཐའེ་ཝན་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ།   ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཕེའོ་ཧྲི་ལུང་བཅས་ཀྱིས་གཏམ་བཤད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་དང་།  ཅང་ཞི་དང་ཡུན་ནན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།   དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།