ཀྲའོ་ལི་ཅི་ཡིས་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐེན་ཧོས་དང་གྲོས་མོལ་གནང་།
2024.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐེན་ཧོུས་དང་གྲོས་མོལ་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས8ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐེན་ཧོས་དང་གྲོས་མོལ་གནང་།

ཀྲའོ་ལི་ཅི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ན་ནིང་ལོ་མཇུག་ཏུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་མཉམ་དུ་ཁྱབ་བསྒྲགས་གནང་སྟེ་དུས་རབས་གསར་པའི་ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཐད་འཆར་འགོད་གནང་།   དེ་རིང་སྔ་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱེད་ལ་བརྩེ་བའི་མཇལ་འཕྲད་གནང་བ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་གནང་གིན་པ་གང་ལེགས་སྒོས་མཚོན་ཡོད།   ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ།  ཏང་གཉིས་ཀྱི་སྤྱིའི་ཁྱབ་ཧྲུའུ་ཅིའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱས་ཏེ་ཀྲུང་གོ་དང་ཡོ་ནན་གྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཆུ་ཚད་མཐོན་པོས་འཁོར་སྐྱོད་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཀྲའོ་ལི་ཅི་ཡིས་ཕྱོགས་གཉིས་ཀྱིས་མཐོ་རིམ་འཐབ་ཇུས་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ལས་སྐལ་གཅིག་མཐུན་ཚོགས་པའི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས་པ་དང་།  ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་ཞིང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས།   འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ།   འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་ཀྱི་སྒྲོམ་གཞིའི་འོག་མཉམ་ལས་ལ་སྐུལ་འདེད་གཏོང་བ།   རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འགོ་དང་ཁྱམས་གཉིས་འཁོར་གཅིག་གི་འཐབ་ཇུས་འཆར་འགོད་དང་སྦྲེལ་མཐུད་བྱེད་དགོས་པར་མ་ཟད་དེ་དོན་འཁྱོལ་བཟང་བོ་བྱས་ཏེ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དགོས།  སྲོལ་རྒྱུན་མཛའ་བརྩེ་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྣང་ཚུལ་བཟང་བོ་བསྐྲུན་པ་དང་།  དམངས་ཚིས་དང་རིག་གནས།  ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆེ་རུ་བསྐྱེད་པ།   ཀྲུང་གོ་དང་ཡོ་ནན་གྱི་མཛའ་མཐུན་གཏམ་རྒྱུད་བཟང་བོར་བཤད་དགོས།   མཚོ་ཐོག་གི་འགལ་བར་ལུགས་མཐུན་གྱིས་དོ་དམ་ཚོད་འཛིན་བྱས་ཏེ་གཉིས་ཕན་མཉམ་ལས་ཐད་བརྟན་འཇགས་སྔོན་དཔག་བསྐྲུན་དགོས་ཞེས་བསྟན།

ཀྲའོ་ལི་ཅི་ཡིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྡེ་ཁག་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་ཡོ་ནན་རྒྱལ་ཚོགས་ཀྱི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གྲོས་མོལ་བྱས་པ་དང་།   ཕྱོགས་གཉིས་ཀྱིས་འབྲེལ་ཡོད་མཉམ་ལས་གྲོས་མཐུན་དོན་འཁྱོལ་བཟང་བོ་བྱེད་དགོས་ཤིང་།    མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་རྐྱེན་སྲོལ་འཛུགས་དགོས་པར་མ་ཟད་དེ་བཀོལ་སྤྱོད་བཟང་བོ་བྱས་ནས་ཁྲིམས་འཛུགས་སྡེ་ཁག་གི་རིམ་པ་སོ་སོའི་མཛའ་མཐུན་བརྗེ་རེས་ལ་ཤུགས་སྣོན་པ་དང་།   ཁྲིམས་འཛུགས་དང་ལྟ་སྐུལ།  རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ།   མཉམ་ཕན་མཉམ་ལས་དང་འབྲེལ་བའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་འགོད་པ་དང་བཟོ་བཅོས་བྱེད་པ་བཅས་བྱས་ནས་རང་སོ་སོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྔར་ལས་ཞབས་འདེགས་བཟང་བོ་ཞུ་དགོས།     ཕྱོགས་མང་གྲོས་ཚོགས་རྩ་འཛུགས་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲའོ་ལི་ཅི་ཡིས་ཀྲུང་གོས་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།  ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་རང་བདག་གདམ་གསེས་བྱས་པའི་སྤྱི་ཚོགས་རིང་ལུགས་དམངས་གཙོ་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བཟང་བོར་བསྐྱོད་འདོད་ཡོད་ཅེས་བསྟན།

ཝང་ཐེན་ཧོས་ཀྱིས་ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ།  ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཟབ་མོ་གཏོང་འདོད་ཡོད།   ཀྲུང་གོས་རྒྱལ་ཡོངས་ཚོགས་ཆེན་གཉིས་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་ཡིན།   ཡོ་ནན་རྒྱལ་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་མཛའ་མཐུན་བརྗེ་རེས་ལ་ཤུགས་སྣོན་པ་དང་དམངས་གཙོ་ཁྲིམས་སྐྱོང་གི་ཉམས་མྱོང་བརྗེ་རེས་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་འདོད་ཡོད་ཅེས་བསྟན།

གྲོས་མོལ་གྱི་རྗེས་སུ།  ཀྲའོ་ལི་ཅི་དང་ཝང་ཐེན་ཧོས་གཉིས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་ཡོ་ནན་རྒྱལ་ཚོགས་བར་གྱི་མཉམ་ལས་གྲོས་མཐུན་སྟེང་མཉམ་དུ་མཚན་བཀོད་པར་མ་ཟད།   རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྡེ་ཁག་གཞུང་སྒྲུབ་ཐིན་གྱིས་མཉམ་ལས་བརྗེད་ཐོ་འགོད་པར་མཉམ་དུ་བདེན་དཔང་གནང་།

ཝང་ཏུང་མེན་གོང་གི་བྱེད་སྒོར་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།