ལིས་ཆང་གིས་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་མིག་སྔའི་དཔལ་འབྱོར་གནས་བབ་དང་གོ་རིམ་རྗེས་མའི་དཔལ་འབྱོར་ལས་དོན་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་གསན།

བཞུགས་མོལ་ཚོགས་འདུའི་ཐོག་ཀྲང་ཡུས་ཡན་དང་ཝུའུ་ཀི། ཕིན་ཝུན་ཧྲིན། པའེ་ཁྲུང་ཨིན། ཀུའུ་ཅེ། ཀྲང་ཧྲའོ་མེན། ལིས་ཞན་ཏི། ཅང་དབྱིན་ཝུའུ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་བལྟས་ན་ད་ལོར་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཕྱིའི་ཁོར་ཡུག་མདུན་དུ། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་བསྟུད་མར་བསྐྱར་འཕར་བྱུང་ནས་བཟང་ཕྱོགས་སུ་འཕེལ་བཞིན་ཡོད། དཀའ་ངལ་དང་འགྲན་སློང་སྔར་བཞིན་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་བ་དང་ཚོང་རའི་ཡིད་ཆེས་ཇེ་ཆེར་སོང་ཡོད་པར་འདོད། ཚང་མས་ཟུར་མི་འདྲ་བའི་ངོས་ནས་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཁྲོད་གནས་པའི་འགལ་བ་དང་གནད་དོན་ལ་དབྱེ་ཞིབ་བྱས་པར་མ་ཟད། སྤྱི་ཁོག་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་དཔལ་འབྱོར་ལས་དོན་ཡག་པོར་བསྒྲུབ་རྒྱུའི་ཐད་ལ་བསམ་འཆར་དང་གྲོས་འགོ་བཏོན།

ཆེད་མཁས་པ་དང་ཁེ་ལས་པའི་གཏམ་བཤད་ལ་ནན་གྱིས་ཉན་རྗེས་ལིས་ཆང་གིས་བསྟན་དོན། ད་ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་བརྟན་ཐོག་ཡར་འཕེལ་དང་མདུན་སྐྱོད་ལ་བརྟེན་ནས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྔོན་ལ་ལག་བསྟར་དང་རྗེས་སུ་དོན་འཁྱོལ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ཏེ་སྔོན་དཔག་བརྟན་པོ་དང་བརྟན་པོའི་ངང་འཕར་བ། ལས་ཞུགས་བརྟན་པོ་བཅས་ཀྱི་ལས་དོན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བྱེད་ཐབས་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། སྤུས་ཚད་ཇེ་མཐོར་གཏོང་བ། ཕན་འབྲས་ཇེ་ཆེར་གཏོང་བ་བཅས་ཀྱི་ཐད་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་ཅན་དུ་གྱུར་ཡོད། དེ་དང་མཉམ་དུ་མིག་སྔའི་ཕྱིའི་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན། ངེས་གཏན་མེད་པའི་རང་བཞིན་བཅས་ཇེ་ཆེར་འགྲོ་བཞིན་ཡོད་པས། དཔལ་འབྱོར་འཁོར་སྐྱོད་ཁྲོད་གནས་པའི་གནད་དོན་ད་དུང་ཐག་གཅོད་བྱེད་པར་ཤུགས་སྣོན་དགོས་པ་ཡང་གསལ་བོར་ཤེས་དགོས། རང་རྒྱལ་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་དང་དགེ་མཚན་མང་པོ། མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་པས། དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བར་འགྱུར་བ་ཡོང་མི་སྲིད་པ་དང་། ང་ཚོར་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་ཡིད་ཆེས་དང་ནུས་པ་ཡོད།

ལིས་ཆང་གིས་བསྟན་དོན། དཔལ་འབྱོར་བསྐྱར་འཕེལ་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དང་ཇེ་ཆེར་གཏོང་བར་ངེས་པར་དུ་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ནས། བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་དང་ཕན་འབྲས་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།  མུ་མཐུད་ནས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་གདིང་ཤུགས་ཇེ་ཆེར་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྲིད་ཇུས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཚོང་གཉེར་གཙོ་གཟུགས་ཀྱི་གསོན་ཤུགས་སྔར་ལས་འཕེལ་བར་བྱེད་པ། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། མཉམ་སྡེབ་ཀྱི་ཕན་འབྲས་ལ་ཤུགས་སྣོན་པ་དང་སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ཇེ་ཆེར་བཏང་ནས་གཙོ་གནད་དང་དཀའ་གནད་ཁག་ཅིག་བརྒྱུད་རིམ་ལྡན་པའི་ངང་ཐག་གཅོད་དགོས།  གནད་སྨིན་ཇུས་འདོན་ལ་མཐོང་ཆེན་བྱས་ཏེ་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འགག་རྩ་དང་ནུས་ལྡན་གྱི་དགོས་མཁོ་མི་འདང་བའི་འབུར་ཐོན་འགལ་ཟླ་ངོ་མ་དེ་དམ་འཛིན་བྱས་ནས་སྤྱི་ཁོག་སྲིད་ཇུས་བྱེ་བྲག་ཏུ་བརྒྱུད་སྤྲོད་བྱེད་པའི་ཕན་འབྲས་དངོས་ཐོན་པར་བྱེད་དགོས། མཐའ་གཅིག་ཏུ་ཚད་མཐའ་དམ་སྲུང་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་རྩ་ལག་མཉམ་བཅོས་ངང་མེད་པར་གཏོང་དགོས། དམངས་ཚིས་ལས་དོན་དེ་འབུར་དུ་ཐོན་པའི་གོ་གནས་སུ་བཞག་ནས་འཕེལ་རྒྱས་ཀྱི་བསམ་གཞིག་ལ་བརྟེན་ནས་དམངས་ཚིས་ཞན་ཆ་གསབ་པ་དང་། དམངས་ཚིས་དོན་དངོས་རེ་རེ་བཞིན་ཡག་པོར་སྒྲུབ་དགོས་ཞེས་བསྟན།

ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས།