ཞི་ཅིན་ཕིང་གིས་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐེན་ཧོས་ལ་མཇལ་འཕྲད་གནང་།
2024.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐེན་ཧོས་ལ་མཇལ་འཕྲད་གནང་།

ཟླ4པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐེན་ཧོས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཝང་ཐེན་ཧོས་བརྒྱུད་དེ་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་བྱམས་བརྩེའི་ངང་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ངས་ན་ནིང་ལོ་མཇུག་ཏུ་ཡོ་ནན་ལ་འཚམས་འདྲི་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་མཉམ་དུ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཁྱབ་སྒྲོག་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག་ཏུ། ང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་བཞིན་ཡོད། འདུན་གཅིག་ལམ་མཐུན་དང་ལས་དབང་གཅིག་མཐུན་ནི་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བའི་ཁྱད་ཆོས་མངོན་གསལ་ཅན་ཞིག་ཡིན། “བློ་མཐུན་ཡིན་ལ་སྤུན་ཟླའང་ཡིན་པ”ནི་ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་གྱི་མཚོན་སྟངས་གསོན་ཉམས་ཅན་ཞིག་ཡིན། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། རང་སོ་སོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་ལེགས་སྐྲུན་པ་བཅས་བྱས་ནས། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པའི་དབང་གིས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་བརྟན་བརླིང་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱ་རྒྱུ་ནི། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་གནས་ས་ཡིན། ཕྱོགས་གཉིས་ཀས་ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་མཉམ་ལས་ལ་བརྟེན་ནས། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་བློ་གྲོས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ། ཏང་སྐྱོང་དང་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀའི་མཉམ་ལས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་སྤྱི་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“ཁྱམས་གཉིས་འཁོར་གཅིག”གི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གང་མགྱོགས་གཏོང་བ། གཞོན་ནུ་དང་མཛའ་མཐུན་གྲོང་ཁྱེར་སོགས་ཀྱི་ཐབས་ལམ་བརྗེ་རེས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱེད་འདོད་ཡོད། ཕྱོགས་གཉིས་ཀའི་ཁྲིམས་འཛུགས་སྒྲིག་གཞིས་རིམ་པ་སོ་སོའི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱས་ནས། ཁྲིམས་འཛུགས་ཀྱི་ལྟ་སྐུལ་ཉམས་མྱོང་སོགས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀའི་དམངས་ཁྲོད་ཀྱི་མཛའ་བརྩེ་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།

ཝང་ཐེན་ཧོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བྱམས་བརྩེའི་ངང་འཚམས་འདྲི་ཞུས་པ་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས།  ཁོས་ཡོ་ནན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པས། རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། དེ་བཞིན་དུ་ཞང་ཀང་དང་ཞིན་ཅང་། བོད་ལྗོངས་བཅས་ཀྱི་ལས་དོན་ཡང་ཀྲུང་གོའི་ནང་སྲིད་ཡིན་པས། ཀྲུང་གོས་ཡུན་རིང་བརྟན་བརླིང་དང་དར་རྒྱས་རྒྱུན་འཁྱོངས་ཐུབ་ངེས་པར་ཡིད་ཆེས་ཡོད། ཡོ་ནན་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་འགྲོ་འོང་བརྗེ་རེས་ཟབ་མོ་བྱས་ནས། རྒྱལ་ཁབ་གཉིས་ཀའི་དམངས་ཁྲོད་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་བསྟན།

ཝང་དབྱི་དང་ཝང་ཏུང་མེན་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།