ཟླ4པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།
ཟླ4པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ལཱ་ཧྥུའུ་ལོ་ཧྥུའུ་བརྒྱུད་དེ་ཙུང་ཐུང་ཕུའུ་ཅིན་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་། ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀས་མཉམ་དུ་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་མཉམ་གནས་ཡིན་པ། མཉམ་ལས་གཉིས་ཕན་ཡིན་པ་བཅས་ཀྱི་བགྲོད་ལམ་གསར་རྐྱང་ཞིག་མཉམ་དུ་བསྐྲུན་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ལ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་བློ་གྲོས་དང་སྟོབས་ཤུགས་ཀྱང་ཕུལ་ཡོད། ང་དང་ཙུང་ཐུང་ཕུའུ་ཅིན་གྱིས་ཕན་ཚུན་བར་མུ་མཐུད་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཀྲུང་ཨུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ལེགས་དང་བརྟན་བརླིང་ངང་མདུན་ནས་མདུན་དུ་འཕེལ་བར་འགན་ལེན་བྱ་རྒྱུའི་ཐད་མོས་མཐུན་གཅིག་གྱུར་བྱུང་ཡོད། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་ཨུའི་རིག་གནས་ལོའི་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ། ང་དང་ཙུང་ཐུང་ཕུའུ་ཅིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སིའི་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨུ་རུ་སི་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད་པས། ཨུ་རུ་སི་ཕྱོགས་དང་མཉམ་དུ། ཕྱོགས་གཉིས་ཀའི་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས། གསེར་གྱོམ་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ཏེ། འགན་འཁྲི་འཁུར་སེམས་སྔར་ལས་ཆེན་པོ་མངོན་གང་ཐུབ་བྱས་ནས། འདྲ་མཉམ་དང་སྒོ་འབྱེད། ཡ་ཡོ་མེད་པ་བཅས་ཀྱི་སྙིང་སྟོབས་བཅངས་ནས། “འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི”རྒྱལ་ཁབ་ལ་མཐུན་སྒྲིལ་གང་ལེགས་བྱས་ཏེ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྣེ་ཁྲིད་ནུས་ལྡན་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བསྐུར་བ་བརྒྱུད་སྒྲོག་བྱས། ཁོས་ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། ཕྱོགས་གཉིས་དང་ཕྱོགས་མང་གི་མཉམ་ལས་ལ་ཤུགས་སྣོན་པ་དང་། “འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི”རྒྱལ་ཁབ་གཞན་དག་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། སྔར་ལས་དྲང་གཞག་དྲང་བདེན་གྱི་རྒྱལ་སྤྱིའི་སྒྲིག་ལམ་གྲུབ་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།