ཞི་ཅིན་ཕིང་གིས“གླག་རྒོད་འཕྲལ་རྒོལ་རུ་ཁག”གི་རུ་མི་ཡོངས་ལ་འཕྲིན་ལན་བསྐུར་ནས་སྐུལ་མ་གནང་།
2024.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས། “གླག་རྒོད་འཕྲལ་རྒོལ་རུ་ཁག”གི་རུ་མི་ཡོངས་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ངས་ད་ལྟ་ད་དུང་ལོ་བཅུའི་སྔོན་ལ་ཁྱོད་ཚོར་དར་ཆ་སྤྲད་པའི་གནས་ཚུལ་གསལ་པོར་དྲན་གྱིན་འདུག ལོ་ངོ་བཅུའི་རིང་ལ། ཁྱོད་ཚོས་བློ་བརྟན་འགྱུར་མེད་ངང་ལངས་ཕྱོགས་གསལ་བོས་དམིགས་བསལ་དམག་འཐབ་ཀྱི་འཇོན་ཐང་སྦྱོང་བརྡར་བྱས་ཏེ། ཕྲག་ཏུ་བླངས་པའི་ལས་འགན་ཡོངས་འགྲུབ་བྱས་ཡོད་པ་ཤེས་རྗེས་ང་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་སོང་ཞེས་གསུངས།

ཞི་ཅིན་ཕིང་གིས་དམིགས་བསལ་དམག་འཐབ་དཔུང་སྡེ་ཡིས་དམིགས་བསལ་གྱི་འགན་འཁྲི་འཁུར་དགོས་པས། ངེས་པར་དུ་ཆབ་སྲིད་དང་དམག་དོན་གཉིས་ཐད་ལ་བྱང་ཆ་ལྡན་དགོས། ཁྱོད་ཚོས་འབད་འབུངས་ཡར་བརྩོན་བྱས་ནས་ལྷག་བསམ་རྣམ་དག་གི་གཤིས་རྒྱུད་ཟམ་མི་ཆད་པར་སྦྱོང་བརྡར་བྱེད་རྒྱུ་དང་། དངོས་འཐབ་ཅན་གྱི་དམིགས་སའི་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་པ། དཀའ་སྡུག་ལ་མི་སྐྲག་པ་དང་འཆི་བར་མི་སྐྲག་པའི་འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་བཏང་ནས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམིགས་བསལ་དམག་འཐབ་ནུས་པ་ལྡན་པའི་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འགྱུར་བར་འབད་འབུངས་བྱས་ཏེ། ཏང་དང་མི་དམངས་ལ་བྱས་རྗེས་ཡང་ཡང་འཇོག་པར་གྲ་སྒྲིག་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།