ཟླ4པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཞིང་ཆེན་ཏང་གི་སློབ་གྲྭ་ནས་སྤེལ་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་སྐུལ་སློང་གཏམ་བཤད་སྤེལ། ཁོས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་བརྒྱུད་དེ། གཅིག་བསྡུས་ཀྱིས་གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་སློབ་སྦྱོང་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ནས། སྒྲིག་ཁྲིམས་ནན་སྲུང་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དངོས་འབེབས་བྱེད་པའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དངོས་འབེབས་བྱས་ཤིང་། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་དོན་དངོས་འགུལ་སྐྱོད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས་པར་མ་ཟད་ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས།
ཁྲིན་ཀང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དཀྱིལ་སྙིང་ལས་འགན་དེར་དམ་པོར་དམིགས་ཏེ། སྒྲིག་ལམ་འཛུགས་སྐྲུན་དེ་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་སྤྱིའི་བཀོད་སྒྲིག་གི་མཐོ་ཚད་དུ་བཞག་ནས། སྒྲིག་ལམ་འཛུགས་སྐྲུན་གྱི་གསར་གཏོད་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་། ནན་ཏན་གྱིས་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆབ་སྲིད་ལས་འགན་གལ་ཆེན་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུས་འོག་རིམ་ལ་སྣེ་ཁྲིད་བྱས་ཏེ་སྲོལ་ཡིག་ལ་སློབ་སྦྱོང་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་ལ་ཤུགས་སྣོན་པ་དང་། ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་བསྐྱུར་བ་དང་ཏང་གི་སྒྲིག་ཁྲིམས་ལ་འགལ་བའི་གནད་དོན་གྱི་གནོད་པའི་རང་བཞིན་གྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བར་སྐུལ་ཁྲིད་བྱས་ཏེ། རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་ངེས་ཤུགས་དང་སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཇེ་དྲག་ཏུ་གཏོང་དགོས་ཟེར།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྒྲིག་ཁྲིམས་དམ་དགོས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། མང་ཚོགས་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་རང་རྟོགས་ཀྱིས་སློབ་སྦྱོང་དང་བརྩི་སྲུང་། སྲུང་སྐྱོབ་བཅས་བྱེད་དགོས་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་དམ་དགོས་པ་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་སེམས་ཁོང་དུ་སིམ་པ་དང་ཉིན་རྒྱུན་གྱི་རང་རྟོགས་ཀྱི་བྱ་སྤྱོད་ཚད་གཞི་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས་ལ། སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ ཁྲིམས་ནན་གསལ། སྒྲིག་ཁྲིམས་བརྩི་སྲུང་བཅས་བྱས་ཏེ། ཟོལ་མེད་ཀྱིས་ཚད་གཞི་ནན་མོ་ཆགས་པར་བྱེད་པ་དང་སྒྲིག་ཁྲིམས་ནན་མོ་ལག་བསྟར་བྱེད་དགོས། རེ་རེ་བཞིན་སློབ་སྦྱོང་དང་གཏིང་ཟབ་ཏུ་སློབ་སྦྱོང་། སློབ་སྦྱོང་ཟབ་ཞུགས་བྱས་ནས། སློབ་སྦྱོང་ནན་མོ་མི་བྱེད་པ་དང་། མི་གཞན་གྱི་རྗེས་འདེད་པ་ལས་རང་གིས་བསམ་གཞིགས་མི་བྱེད་པ། མཚམས་རེར་སྦྱངས་པ་ལས་དུས་རྒྱུན་མི་སློབ་པ་བཅས་སྔོན་འགོག་བྱེད་པ་དང་། མ་ལག་རང་བཞིན་དང་དཔེ་མཚོན་རང་བཞིན། ཡང་དག་རང་བཞིན་བཅས་འབུར་དུ་ཐོན་པར་བྱས་ཏེ། བྱ་བ་དང་འགན་འཁྲི་རང་འགན་དུ་བླངས་ནས་ཟོལ་མེད་ཀྱིས་ཏང་གི་སྒྲིག་ཁྲིམས་ཀྱི་དཔེ་སྟོན་བརྩི་སྲུང་པ་དང་སྲུང་སྐྱོབ་པ། ལག་ལེན་པ་བཅས་བྱེད་དགོས། སློབ་སྦྱོང་བྱས་ནས་བློ་དཀར་བ་དང་གུས་སེམས་སྐྱེས་པ། ཁག་ཁུར་ཡོད་པར་བྱེད་དགོས་ལ། ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་བགྲོད་ལམ་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས་པ་དང་། ཀུན་སྤྱོད་དང་དབང་ཆའི་བེད་སྤྱོད། ལས་དོན་སྒྲུབ་པའི་ཚད་མཐའ་སྲུང་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་བྱེ་བྲག་གི་ལག་ལེན་དང་ཟུང་འབྲེལ་བྱས་ཤིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་གྱི་ལས་འགན་སྣ་ཚོགས་དང་ཟུང་འབྲེལ་བྱས་ནས། སྒྲིག་ལམ་འཛུགས་སྐྲུན་གྱི་རྩ་ལག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་རྐང་བཙུགས་ནས་ཧུར་ཐག་སྒོས་གྲུབ་འབྲས་གསར་བ་བསྐྲུན་པ་དང་བྱས་རྗེས་གསར་བ་འཇོག་དགོས་ཟེར།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཟོལ་མེད་ཀྱིས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དངོས་འབེབས་བྱས་ཤིང་། སྒྲིག་ཁྲིམས་ཀྱི་རེ་བ་ནན་མོ་དང་ཆེས་མཐོའི་སློབ་སྦྱོང་ཚད་གཞིས་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་པ་དང་དངོས་འབེབས་བྱས་ཏེ་སེམས་ལ་འཇགས་པར་བྱེད་དགོས། སེམས་རྣལ་ལ་ཕབ་སྟེ་གཅིག་བསྡུས་སློབ་ཁྲིད་ལ་ཉན་པ་དང་ཡང་དག་པར་སྲོལ་ཡིག་གི་ནང་དོན་གཙོ་བོ་དང་གཏན་འཁེལ་རེ་བ་ཁོང་དུ་ཆུད་པར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཉིན་རྒྱུན་གྱི་བྱ་སྤྱོད་ཀྱི་ཚད་ཐིག་གསལ་བོ་བྱེད་པ་དང་། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་སེམས་སུ་འཇགས་པར་བྱས་ནས་བྱ་བའི་ལག་ལེན་ཁྲོད་དངོས་འབེབས་བྱེད་དགོས། མཐའ་གསལ་མཐིལ་རྟོགས་ཀྱིས་དཔྱད་གླེང་སློབ་ཁྲིད་ལ་ཉན་པ་དང་། སློབ་པ་དང་བསམ་པ། བཀོལ་བ་བཅས་ཟུང་འབྲེལ་བྱེད་པ་དང་ཤེས་རྟོགས་དང་ཡིད་ཆེས། བྱ་སྤྱོད་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ངེས་པ་དོན་གྱིས་ཏང་གི་སྒྲིག་ཁྲིམས་ལ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཏང་གཤིས་བྱང་ཚད་མཐོར་འདེགས་བྱེད་པའི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས། དོན་དངོས་ལ་ཟུང་འབྲེལ་བྱས་ནས་ལག་ལེན་སློབ་ཁྲིད་བཟང་བོ་བྱེད་པ་དང་། ཕྱོགས་གཉིས་ནས་དམ་འཛིན་དང་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དག་ལག་ལེན་དངོས་འབེབས་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་སོ་སོ་དཀྱིལ་སྙིང་བྱ་བར་སྐུལ་འདེད་གཏོང་བའི་ནུས་ལྡན་བྱེད་ཐབས་སུ་འགྱུར་བར་བྱེད་པ་དང་། ཧུར་ཐག་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་མཛད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་རླབས་ཆེན་ཇུས་གཞི་མཛེས་སྡུག་གི་དོན་དངོས་སུ་འགྱུར་བར་བྱེད་དགོས་ཟེར།
ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་ཁག་དང་མང་ཚོགས་ཚོགས་པ། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་དང་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།