ཁྲིན་ཀང་གིས་མགོ་ལོག་ཁུལ་དུ་རྟོག་ཞིབ་བྱས།
2024.04.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས8ཉིན་ནས་ཚེས9ཉིན་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཆོས་ལུགས་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།  བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་ཁྲིད་སྟོན་གང་ལེགས་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན།

དར་ལག་རྫོང་ནི་མགོ་ལོག་རྩྭ་ཐང་སྟེང་སྐར་ལྔའི་དར་དམར་ཐོག་དང་པོར་བསྒྲེངས་ས་ཡིན་པས། ཁྲིན་ཀང་མགོ་ལོག་ཞི་བས་བཅིངས་འགྲོལ་གྱི་རྗེས་དྲན་རྡོ་རིང་ཡོད་ས་དང་། དར་ལག་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་རུ་སོང་སྟེ། ལོ་རྒྱུས་ཀྱི་དངོས་རྫས་རེ་རེ་དང་རྩ་ཆེའི་པར་རིས་རེ་རེ། གསོན་ཉམས་ལྡན་པའི་གཏམ་རྒྱུད་རེ་རེ་བརྒྱུད་ནས་མགོ་ལོག་ཞི་བས་བཅིངས་འགྲོལ་དང་སྲིད་བཙུགས་ཚུན་དུ། རིགས་སོ་སོའི་མང་ཚོགས་བློ་བརྟན་འགྱུར་མེད་སྒོས་ཏང་གི་རྗེས་སུ་འབྲངས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དུས་རབས་ཀྱི་གླུ་སྒྲ་བསྒྲགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྱོར་ཕྱུག་བདེ་སྐྱིད་ལམ་དུ་ཞུགས་པའི་ལོ་རྒྱུས་བརྒྱུད་རིམ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། མགོ་ལོག་ཞི་བས་བཅིངས་འགྲོལ་བཏང་བ་ནི་རིགས་སོ་སོའི་མང་ཚོགས་བརྗེ་རེས་འགྲོ་འོང་དང་མཉམ་འདྲེས་བྱུང་བའི་ལོ་རྒྱུས་ཤིག་ཡིན་པས། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་དམར་པོའི་ཟུངས་ཁྲག་གི་རྒྱུན་མཐུད་དེ། དམར་པོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དམར་པོའི་ཐོན་ཁུངས་སྔོག་འདོན་དང་བཀོལ་སྤྱོད་གང་ལེགས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོར་འཆད་དགོས་ཞེས་ནན་གྱིས་བསྟན།

ཁྲ་གླིང་དགོན་དང་སྙན་མོ་དགོན་པ་རུ། ཁྲིན་ཀང་གིས་དགོན་པའི་དོ་དམ་དང་དགོན་སྡོད་ལས་བྱེད་པས་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། སྙན་མོ་དགོན་པའི་དཔེ་ཁང་དུ་བལྟ་ཞིབ་བྱས་ལ། ཁྲ་གླིང་དགོན་པའི་དགེ་འདུན་པ་དང་། དགོན་སྡོད་ལས་བྱེད་པའི་འཐུས་མི་དང་བཞུགས་མོལ་བརྗེ་རེས་བྱས། ཁྲིན་ཀང་གིས་ཁྲ་གླིང་དགོན་པས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དར་སྤེལ་བཏང་བ་དང་། དུས་ནམ་ཡང་རྒྱལ་གཅེས་ཆོས་གཅེས་བྱེད་པའི་དཔེ་མཚོན་སྒྲུབ་ཐབས་ལ་ཁས་ལེན་གང་ལེགས་བྱས། ཁྲ་གླིང་དགོན་པ་ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོས་ཏང་དང་མཉམ་དུ་ལངས་པ་དེས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་ལག་ལེན་ཟིལ་ཤུགས་ར་སྤྲོད་བྱས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་རྩ་བའི་ཁ་ཕྱོགས་མངོན་གསལ་དུ་བཏང་ཡོད་ལ། སྲོག་ཤིང་གཅིག་ནི་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་ཡིན་པས། སྒྲིག་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་བྱེད་ཐབས་ཡག་པོ་དང་ཉམས་མྱོང་བཟང་པོ་འཚོལ་ཞིབ་བྱེད་པ་དང་། དགོན་པའི་དོ་དམ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཏང་གཅེས་རྒྱས་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་གཅེས་པ་དེ་ཆེས་གཞི་རྩའི་བསམ་བློའི་རྨང་གཞི་རུ་བྱས་ཏེ། ཆོས་ལུགས་སྡེ་ཁག་གི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་གཙོར་བཟུང་སྟེ། སེམས་པ་གཅིག་གཏོད་དང་བདག་གཞན་མཉམ་བརྗེ་བྱེད་པ། རིགས་སོ་སོའི་མི་དམངས་སེ་འབྲུ་རྡོག་པོ་བཞིན་དམ་པོར་སྦྲེལ་ནས། མཉམ་དུ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་མཉམ་དུ་འཚོ་བ་སྐྱིད་པོ་རོལ་དགོས་ཞེས་གསལ་བོར་བསྟན།

ཁྲིན་ཀང་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོ་ས་ནག་སྡེ་བར་སོང་སྟེ། ཏང་འཛུགས་ཀྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཏང་གི་མགོ་ཁྲིད་དམ་འཛིན་བྱས་ཏེ། གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་ལྟར། ཏང་གི་ཞིང་སྡེ་འབྲོག་ཁུལ་གྱི་སྲིད་འཛིན་གཞི་རྩ་ཤུགས་ཆེན་པོས་བརྟན་པོར་གཏོང་དགོས། མང་ཚོགས་ཀྱི་དགོས་མཁོ་དང་ཉེ་བར་བཅར་ཏེ། དུས་ལྟར་འགལ་ཟླ་དང་རྩོད་གླེང་གཞི་རིམ་ནས་སེལ་བ་དང་མགོ་ཁུངས་ནས་མེད་པར་གཏོང་བ།  བསམ་བློ་དྲིལ་སྒྲོག་གི་སྣེ་ཁྲིད་ལེགས་པོར་སྒྲུབ་པ་དང་སྲོལ་ངན་བརྗེ་སྒྱུར་མུ་མཐུད་ཇེ་ཟབ་ཏུ་བཏང་ནས། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་དམ་ཟབ་ཏུ་གཏོང་དགོས། དམངས་ཚིས་བཅོས་སྒྱུར་དང་སེམས་ཤུགས་གཅིག་སྡུད་མགོ་རྩོམ་ས་དང་གཞི་ཚིགས་ས་བྱས་ཏེ། ཉིན་རྒྱུན་དུ་ཤུགས་འདོན་པ་དང་བྱ་བ་དུས་རྒྱུན་དུ་སྒྲུབ་པ། སེམས་ཤུགས་དང་བརྩེ་སེམས་མཉམ་གནས་བྱས་ནས་མང་ཚོགས་ཀྱི་དཀའ་སྡུག་སེལ་བ་དང་། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུའུ་ཞང་ཧྥིན་དང་རིན་ཆེན་རྣམ་རྒྱལ་རྟོག་ཞིབ་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།