ཀྲུང་གོ་གུང་ཁྲན་ཏང་དང་པ་ཞི་ངལ་རྩོལ་ཏང་གི་སྐབས་བདུན་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས།
2024.04.10 ཁུངས། ཀློག་གྲངས། 0

ཟླ4པའི་ཚེས9ཉིན། ཀྲུང་གོ་གུང་ཁྲན་ཏང་དང་པ་ཞི་ངལ་རྩོལ་ཏང་གི་སྐབས་བདུན་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པ་ཞི་ངལ་རྩོལ་ཏང་གི་མཚན་འཛིན་ཀྲུའུ་ཞི། ཙུང་ཐུང་ལུའུ་ལཱ་ཡིས་བགྲོ་གླེང་ཚོགས་འདུར་རྟེན་འབྲེལ་ཞུ་ཡིག་བསྐུར། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ནང་བསྟན་དོན། 2022ལོའི་ཟླ10པར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཀྲུང་གོ་གུང་ཁྲན་ཏང་གི་དཀྱིལ་སྙིང་ལས་འགན་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་ཡིན་པ་གཏན་འཁེལ་བྱས་ཡོད། 2023ལོའི་ཟླ་དང་པོར་པ་ཞི་ངལ་རྩོལ་ཏང་གིས་ཡང་བསྐྱར་སྲིད་བསྐྱངས་རྗེས། འཕར་ཚད་ཇེ་མྱུར་དུ་གཏོང་བའི་འཆར་གཞི་དང་བཟོ་ལས་གསར་བའི་འཆར་གཞི་སོགས་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཁྱོན་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་འབྱུང་བར་ཤུགས་བསྣན་ཡོད། ཀྲུང་གོ་དང་པ་ཞིའི་ཏང་ཁག་གཉིས་ཀྱིས་སྲིད་སྐྱོང་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པ་བརྗོད་དོན་དུ་བཟུང་ནས་གཞུང་ལུགས་བགྲོ་གླེང་ཚོགས་འདུ་བསྡུས་པ་ནི་དུས་ལ་རན་པ་ཞིག་ཡིན་ཞིང་། སྲིད་སྐྱོང་ཏང་གི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། རྒྱལ་ཁབ་རང་ལ་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་དོན་སྙིང་གལ་ཆེན་ལྡན། 

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་པ་ཞིའི་བར་དུ་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་དང་། ཀྲུང་གོ་ཀྲུང་ཁྲན་ཏང་གིས་པ་ཞི་ངལ་རྩོལ་ཏང་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་འཁོར་བའི་ལོ་རེད། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་རུ་འགྲེང་ནས། ཀྲུང་གོ་ཀྲུང་ཁྲན་ཏང་གིས་པ་ཞི་ངལ་རྩོལ་ཏང་དང་མཉམ་དུ་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ནས། རང་སོ་སོའི་ཏང་གི་འཛུགས་སྐྲུན་དང་རྒྱལ་ཁབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་གོ་དང་པ་ཞི་ངལ་རྩོལ་ཏང་གི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བྱས་རྗེས་འཇོག་དགོས། 

ལུའུ་ལ་ཡིས་རྟེན་འབྲེལ་ཞུ་ཡིག་ནང་བསྟན་དོན། ད་ལོ་ནི་པ་ཞི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་རེད། དེ་ནི་ཕྱོགས་གཉིས་ཀྱིས་ལས་སྐལ་གཅིག་མཐུན་ཚོགས་པའི་དམིགས་འབེན་ཐད་བརྗེ་རེས་མཉམ་ལས་བྱས་པ་དང་། མཛའ་བརྩེ་ཇེ་ཟབ་ཏུ་ཕྱིན་པའི་ལོ་ལྔ་བཅུ་རེད། ན་ནིང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། པ་ཞི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་རྒྱལ་ཁབ་གཉིས་མ་ཟད་འཛམ་གླིང་ཧྲིལ་བོར་ཤིན་ཏུ་གལ་ཆེན་ཡིན། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་སོགས་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་གི་སྲོལ་རྒྱུན་རྐྱེན་སྲོལ་བརྒྱུད་ནས་མཉམ་ལས་སྲ་བརྟན་དུ་གཏོང་དགོས་པ་དང་། རྒྱལ་ཁབ་དོན་བདུན་དང་ཀྲུང་གོ། གསེར་གྱོམ་རྒྱལ་ཁབ་དང་ཀྲུང་ལཱ་གླེང་སྟེགས། རྨང་གཞིའི་རྒྱལ་ཁབ་བཞི་སོགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ལ་ཤུགས་སྣོན་དགོས། ཀྲུང་གོ་གུང་ཁྲན་ཏང་དང་པ་ཞི་ངལ་རྩོལ་ཏང་གི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ངལ་རྩོལ་ཏང་གི་མཐོ་རིམ་ལས་བྱེད་རྟོག་ཞིབ་རུ་ཁག་ཀྲུང་གོར་ཡོང་ནས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་སྐབས་བདུན་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུར་ཞུགས་པའི་དམིགས་ཡུལ་ནི། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། ཕྱོགས་གཉིས་སྤྲོ་བ་ཡོད་པའི་གྲོས་མོལ་ལ་དཔྱད་སྡུར་དང་མཉམ་ལས་བྱེད་འདོད་པ་ཡིན། ང་ཚོ་ཕྱོགས་གཉིས་ཀྱིས་སྔར་ལས་མང་བའི་འདྲེས་མཚམས་དང་མཉམ་ལས་གོ་སྐབས་རྙེད་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། པ་ཞི་དང་ཀྲུང་གོའི་ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་བརྗེ་རེས་སྔར་ལས་དམ་པོ་བྱས་ནས་གྲུབ་འབྲས་སྔར་ལས་གཟེངས་སུ་ཐོན་པ་ལེན་དགོས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།