ཀྲའོ་ལི་ཅི་ཡིས་པ་ཧ་མའི་དམངས་གྲོས་ཁང་གི་གྲོས་དཔོན་ཏི་ཝོ་དང་གྲོས་ཞུགས་ཁང་གི་གྲོས་དཔོན་ཨ་ཏི་ལི་གཉིས་དང་གྲོས་མོལ་བྱས།
2024.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས9ཉིན་གྱི་ཕྱི་དྲོར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཧ་མའི་དམངས་གྲོས་ཁང་གི་གྲོས་དཔོན་ཏི་ཝོ་དང་གྲོས་ཞུགས་ཁང་གི་གྲོས་དཔོན་ཨ་ཏི་ལི་གཉིས་དང་གྲོས་མོལ་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས9ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཧ་མའི་དམངས་གྲོས་ཁང་གི་གྲོས་དཔོན་ཏི་ཝོ་དང་གྲོས་ཞུགས་ཁང་གི་གྲོས་དཔོན་ཨ་ཏི་ལི་གཉིས་དང་གྲོས་མོལ་གནང་།

ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་པ་ཧ་མའི་བར་འབྲེལ་བ་བཙུགས་ནས་ལོ་ཉེར་བདུན་འཁོར་བའི་རིང་ལ།   རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་བྱུང་སྟེ་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། མི་གཞུང་བརྗེ་རེས་ཉིན་རེ་བཞིན་དམ་ཟབ་ཏུ་གྱུར་བར་མ་ཟད།   ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་ཞིང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་སྟེང་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱས།    ཀྲུང་གོ་ཕྱོགས་ཀྱིས་པ་ཧ་མ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་།  ཀྲུང་གོ་དང་པ་ཧ་མའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

ཀྲའོ་ལི་ཅི་ཡིས་ཀྲུང་གོ་ཕྱོགས་ཀྱིས་པ་ཧ་མ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་པར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད་ལ།  དེ་ནི་ཀྲུང་གོ་དང་པ་ཧ་མའི་མཛའ་མཐུན་འབྲེལ་བའི་ཆབ་སྲིད་ཀྱི་རྨང་རྡོ་ལྟ་བུ་ཡིན་པ་དང་།   རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་དེ་ཆེ་རུ་བསྐྱེད་པའི་སྔོན་འགྲོ་གལ་ཆེན་ཞིག་ཀྱང་ཡིན།   པ་ཧ་མ་ཕྱོགས་སྔ་མོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་ཞུགས་ནས་གཉིས་ཕན་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཐད་བར་སྟོང་སྔར་ལས་ཆེན་པོ་བསྐྲུན་པ་དང་།  འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་གྱི་ཁྲོད་ཞུགས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས།   འཕེལ་རྒྱས་དང་དར་རྒྱས་བཅས་ཀྱི་ཐད་མཉམ་དུ་བྱས་རྗེས་འབུལ་བར་དགའ་བསུ་ཞུས་པ་ཡིན།  དཔལ་འབྱོར་ཉོ་ཚོང་དང་ཡུལ་སྐོར།  སློབ་གསོ།  ས་གནས་མཉམ་ལས་བཅས་གཏིང་ཟབ་ཏུ་སྤེལ་བ་དེས་ཀྲུང་གོ་དང་པ་ཧ་མ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་མི་སེམས་སུ་འཇགས་པ་དང་མི་རབས་ནས་མི་རབས་པར་རྒྱུན་འཛིན་ཐུབ་པར་བྱས།   ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་ཆུང་ངུའི་གནམ་གཤིས་འགྱུར་ལྡོག་གནད་དོན་ཐད་ཀྱི་དམིགས་བསལ་དོ་ཁུར་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ།  པ་ཧ་མ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ལ་འཇལ་བའི་ཁྱབ་ཁོངས་ཀྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད་ཅེས་བསྟན།

ཀྲའོ་ལི་ཅི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས་ཅ་ལི་པེས་རྒྱལ་ཁབ་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་བཞིན་ཡོད།   པ་ཧ་མ་ཕྱོགས་ཀྱིས་ད་ལོའི་ཟླ་དགུ་བར་ཧེ་ནན་ནས་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཅ་ལི་པེས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སྐབས་བཞི་བར་རྒྱབ་སྐྱོར་དང་དེའི་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ལ།   པ་ཧ་མ་ཕྱོགས་ཀྱིས་ཅ་ལི་པེས་ས་ཁུལ་དུ་མུ་མཐུད་དུ་བྱེད་ནུས་གལ་ཆེན་འདོན་སྤེལ་བྱ་རྒྱུའི་རེ་བ་བཅངས་ཡོད་པར་མ་ཟད། ཀྲུང་གོ་དང་ཅ་ལི་པེས་བར་གྱི་ཕྱོགས་ཡོངས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཀྲའོ་ལི་ཅི་ཡིས་ཁྲིམས་འཛུགས་སྡེ་ཁག་བར་གྱི་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན།   ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་པ་ཧ་མ་མའི་གྲོས་ཁང་གི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་དང་མཉམ་དུ་རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོའི་མཛའ་མཐུན་བརྗེ་རེས་ལ་ཤུགས་སྣོན་པ་དང་།   རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱས་ཏེ་མཛའ་མཐུན་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ།   ཁྲིམས་འཛུགས་སྡེ་ཁག་གི་འགན་ནུས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་པ་དང་མི་སྣའི་འགྲོ་འོང་ཆེ་རུ་བསྐྱེད་པའི་ཐད་ཁྲིམས་སྐྱོང་ཁོར་ཡུག་ལེགས་པོ་བསྐྲུན་དགོས།   རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་རོགས་རེས་དམ་ཟབ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན།

ཀྲའོ་ལི་ཅི་ཡིས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།  ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་པ་ཧ་མ་ཕྱོགས་དང་མཉམ་དུ་དམངས་གཙོ་འཕེལ་རྒྱས་དང་ཁྲིམས་སྐྱོང་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་ཀྱི་ཐད་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ཞབས་འདེགས་བཟང་བོ་ཞུ་འདོད་ཡོད་ཅེས་བསྟན།

ཏི་ཝོ་དང་ཨ་ཏི་ལི་གཉིས་ཀྱིས་པ་ཧ་མ་དང་ཀྲུང་གོ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱུས་ལོན་བྱས་ཤིང་།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྟོབས་ལྡན་ནུས་ཡོད་ཡིན།  པ་ཧ་མ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་།  ཀྲུང་གོ་མི་དམངས་ཀྱིས་བླངས་པའི་གྲུབ་འབྲས་ཆེན་པོར་ཡི་རང་བྱེད་བཞིན་ཡོད།   ཀྲུང་གོ་ཕྱོགས་ཀྱིས་པ་ཧ་མའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན།  པ་ཧ་མའི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་།   ཁྲིམས་འཛུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཡར་སྐུལ་བྱེད་པར་བྱས་རྗེས་འབུལ་འདོད་ཡོད་ཅེས་བསྟན།

ཐའེ་ཉིང་གྲོས་མོལ་ཁྲོད་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།