ཀྲའོ་ལི་ཅི་ཡིས་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་སྨི་ནཱ་ལ་མཇལ་འཕྲད་གནང་།
2024.04.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས10ཉིན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་སྨི་ནཱ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས10ཉིན་པེ་ཅིང་དུ་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་སྨི་ནཱ་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་གནང་སྟེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཐད་འཆར་འགོད་གནང་།   ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ།   རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱས་ནས་ཀྲུང་གོ་དང་སྨི་ཁེ་ལོ་ཉི་ཞི་ཡ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་སྙིང་ཇེ་ཟབ་ཏུ་གཏོང་འདོད་ཡོད།   ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ཚོགས་བར་གྱི་མཛའ་མཐུན་བརྗེ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།   ཀྲུང་གོ་དང་སྨི་ཁེ་ལོ་ཉི་ཞི་ཡ་གཉིས་ནི་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཡིན་པ་དང་།  ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་ལོ་ཉི་ཞི་ཡ་དང་བཅས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་ལྷག་བསམ་ཟོལ་མེད་ཀྱིས་ཕན་ཚུན་ཤེས་རྟོགས་དང་བརྩི་བཀུར་ཡོད་པའི་སྒོ་ནས་ཕན་ཚུན་ལ་ལྟ་སྟངས་འཛིན་པ།  ལྷག་བསམ་རྣམ་དག་གིས་ཕན་ཚུན་འབྲེལ་འདྲིས་བཅས་བྱས་ཏེ་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད་ཅེས་བསྟན།

ཞི་སྨི་ནཱ་ཡིས་བསྟན་དོན།    སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྟན་སྲུང་བྱེད་པ་དང་།    ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་འགོ་རབ་དང་རིམ་པར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད་ལ།  ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲིམས་འཛུགས་སྡེ་ཁག་བར་གྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཅེས་བསྟན།

བློ་བཟང་རྒྱལ་མཚན་མཇལ་འཕྲད་ལ་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།