ལིས་ཆང་གིས་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་སྨི་ནཱ་ལ་མཇལ་འཕྲད་གནང་།
2024.04.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས10ཉིན་གྱི་སྔ་དྲོར།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་སྨི་ནཱ་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ4པའི་ཚེས10ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་སྨི་ནཱ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་སོ་ལྔ་འཁོར་བའི་རིང་ལ།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཡུན་རིང་འཕེལ་རྒྱས་བྱུང་བ་དང་།  ཀྲུང་གོ་དང་སྨི་ཁེ་ལི་ཉི་ཞི་ཡའི་མཛའ་མཐུན་ལོ་རྒྱུས་རིང་ཞིང་བརྟན་པོ་ཡིན་ལ། མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།   ཁ་སང་།   ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་གནང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་མཉམ་དུ་འཆར་འགོད་གསར་པ་བྱས།   ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ།    རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྲུབ་པའི་ཐུན་མོང་ངོས་འཛིན་གལ་ཆེན་དེ་འཐབ་ཇུས་ཁྲིད་སྟོན་དུ་བྱས་ནས་སྲོལ་རྒྱུན་མཛའ་མཐུན་དར་སྤེལ་དང་ཕན་ཚུན་བར་གྱི་ཆབ་སྲིད་ཡིད་རྟོན་གཏིང་ཟབ་ཏུ་གཏོང་བ།   གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་བཅས་བྱས་ཏེ་ཀྲུང་གོ་དང་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་ཀྱིས་རང་བདག་རང་བཙན་དང་རྒྱལ་ཁབ་གཅིག་གྱུར།  མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་པ་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་སྔར་བཞིན་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ།    སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་།   སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་ཏུ།  རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་ལས་དང་ཉ་ལས།   སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ནན་མོ་གཏོང་བ།   སློབ་གསོ་གསོ་སྦྱོང་དང་རིག་གནས་ཡུལ་སྐོར་སོགས་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ་གཉིས་ཕན་མཉམ་རྒྱལ་སྔར་ལས་མངོན་འགྱུར་བཟང་བོ་བྱེད་འདོད་ཡོད།   ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་དང་ལག་རྡང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་ཧྲིལ་བོའི་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

ཞི་སྨི་ནཱ་ཡིས་སྨི་ཁེ་ལོ་ཉི་ཞི་ཡ་དང་ཀྲུང་གོ་གཉིས་ནི་གྲོགས་པོ་བཟང་བོ་ཡིན།   སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ།   ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཆེ་ཆུང་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད།  ཀྲུང་གོའི་འཕེལ་རྒྱས་ཀྱིས་རང་རྒྱལ་ཁབ་ལ་བདེ་སྐྱིད་བསྐྲུན་བཞིན་ཡོད་པར་མ་ཟད།  འཛམ་གླིང་ལའང་ཕན་འདོགས་བཞིན་ཡོད།    སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་།   ཀྲུང་གོ་ཕྱོགས་ཀྱིས་རང་སྟེང་གི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ངེས་ཡིན།   སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ཡིད་འཐད་བྱུང་ཡོད་ལ།  ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་ཞིང་ལས་དང་ཉ་ལས།   ཉོ་ཚོང་།  དངུལ་གཏོང་།  སྨན་བཅོས།  ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་།  གནམ་གཤིས་འགྱུར་ལྡོག་ལ་མཉམ་དུ་ཁ་གཏད་འཇལ་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་བཏང་སྟེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ཐད་བྱས་རྗེས་བཟང་བོ་འབུལ་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།