ཞི་ཅིན་ཕིང་གིས་མཱ་དབྱིན་ཅིའུ་སོགས་ལ་མཇལ་འཕྲད་གནང་།
2024.04.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས10ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་མཱ་དབྱིན་ཅིའུ་སོགས་ལ་མཇལ་འཕྲད་གནང་།

ཟླ4པའི་ཚེས10ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་མཱ་དབྱིན་ཅིའུ་སོགས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས། ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་སྟེང་གི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ཞིང་། དེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་བཀྲག་མདངས་ལམ་ལམ་འབར་བཞིན་ཡོད་ལ། དེས་འཛམ་གླིང་སྟེང་འགྲན་ཟླ་བྲལ་བའི་ཀྲུང་ཧྭའི་ཤེས་རིག་གསར་སྐྲུན་བྱས་ཡོད་པའི་དབང་གིས། ཀྲུང་ཧྭའི་བུ་དང་བུ་མོ་ཚང་མས་མི་རིགས་འདི་ལ་ང་རྒྱལ་དང་གཟི་བརྗིད་སྐྱེས་ཆོག་ཆོག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ5000ལྷག་གི་ལོ་རྒྱུས་རིང་མོའི་ཁྲོད་དུ། དུས་རབས་རིམ་བྱུང་གི་མེས་པོ་ཐའེ་ཝན་དུ་གནས་སྤར་ཏེ་འཚོ་སྡོད་བྱས་ནས་མི་རབས་རྗེས་མ་བསྐྱངས་པའི་གནས་ཚུལ་བཀོད་ཡོད་ཅིང་། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་མཉམ་དུ་ཕྱི་ཕྱོགས་ཀྱི་བརྙས་བཅོས་བཀག་པ་དང་ཐའེ་ཝན་བསྐྱར་གསོ་བྱས་པའི་གནས་ཚུལ་བཀོད་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་ད་ལྟའི་བར་དུ་མཚོ་འགག་འགྲམ་གཉིས་ཀྱི་ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས་བྲིས་ཡོད་པ་དང་། འགྲམ་གཉིས་ཀྱི་སྤུན་ཟླ་ཚོའི་ཁྲག་རྒྱུན་གཅིག་ཏུ་འབྲེལ་ཡོད་པའི་ལོ་རྒྱུས་ཀྱི་དོན་དངོས་ཀྱང་བྲིས་ཡོད།

འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་གོ་པ་ཡིན་པའི་དབང་གིས། གྲོལ་མི་ཐུབ་པའི་སེམས་ཀྱི་མདུད་པ་གང་ཡང་མེད་ལ། གྲོས་སྡུར་བྱེད་མི་ཐུབ་པའི་གནད་དོན་གང་ཡང་མེད། དེ་བཞིན་དུ་སྟོབས་ཤུགས་གང་གིས་ཀྱང་ང་ཚོ་ཁ་བྲལ་གཏོང་མི་ཐུབ། མཚོ་འགག་འགྲམ་གཉིས་ཀྱི་བར་ཐག་གིས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱི་ཤ་རུས་ཀྱི་བརྩེ་དུང་རྒྱུན་ཆད་མེད་པར་བཀག་འགོག་བྱེད་བཞིན་ཡོད། ལམ་ལུགས་མི་འདྲ་བའི་རྐྱེན་ཙམ་གྱིས། འགྲམ་གཉིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ལ་གཏོགས་པའི་དོན་དངོས་རྩ་བ་ནས་བསྒྱུར་མི་ཐུབ། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ཀྱིས་ཁྱིམ་ཚང་དང་རྒྱལ་ཁབ་མཉམ་འཛོམས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཆེན་མོར་བཀག་འགོག་གཏན་ནས་བྱེད་མི་ཐུབ། འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་གནའ་ནས་ད་ལྟའི་བར་ཐོག་མཐའ་བར་གསུམ་དུ་གཅིག་རྒྱུན་གཅིག་མཐུད་དང་གཅིག་སེམས་གཅིག་འབྲེལ། ཕན་ཚུན་རོགས་རེས་བཅས་བྱས་ཡོད།

ན་གཞོན་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་མ་འོངས་པ་ཡིན། འགྲམ་གཉིས་ཀྱི་གཞོན་ནུ་བཟང་ན་གཞི་ནས་འགྲམ་གཉིས་ཀྱི་མ་འོངས་པར་རེ་ལྟོས་ཆེ། འགྲམ་གཉིས་ཀྱི་ན་གཞོན་རྣམས་ཀྲུང་གོ་པ་བྱེད་པའི་བློ་རྩ་དང་ལ་རྒྱ། གདིང་ཤུགས་བཅས་མངོན་སུམ་གྱིས་ཇེ་ཆེར་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་བདེ་སྐྱིད་གསར་སྐྲུན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་གཟི་འོད་གསར་པ་མུ་མཐུད་འབྲི་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་འགྲམ་གཉིས་ཀྱི་སྤུན་ཟླ་ཚོར་ཐུན་མོང་གི་ཁྲག་རྒྱུན་དང་ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་བཅས་ཡོད་པ་དང་། དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ནི་ང་ཚོར་མི་རིགས་ཀྱི་ངོས་ནས་བཤད་ན་ཐུན་མོང་གི་འགན་འཁྲི་ཡོད་ཅིང་། འབྱུང་འགྱུར་ལ་མཚོན་ནས་བཤད་ནའང་ཐུན་མོང་གི་རེ་ལྟོས་བྱེད་ས་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་བཙུགས་ནས། འགྲམ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ཁོང་དུ་ཆུད་པར་བྱེད་དགོས།

གཅིག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ལ་སྲུང་སྐྱོབ་བརྟན་པོ་བྱེད་དགོས། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་རིག་གིས་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་འགྱུར་ལྡོག་དང་དཀའ་སྡུག་ཚད་མེད་མྱངས་ཀྱང་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བའི་གནད་འགག་ནི། ཀྲུང་ཧྭ་མི་རིགས་ལ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁོངས་དགར་མི་རུང་བ་དང་རྒྱལ་ཁབ་ཟང་ཟིང་ཅན་དུ་འགྱུར་མི་རུང་བ། མི་རིགས་ཁ་ཐོར་དུ་འཇུག་མི་རུང་བ། ཤེས་རིག་གི་རྒྱུན་གཅོད་མི་རུང་བ་བཅས་ཀྱི་ཐུན་མོང་གི་དད་སེམས་ཡོད་པའི་དབང་གིས་ཡིན། སྟོབས་དང་ལྡན་ལ་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ནི་ཐོག་མཐའ་བར་གསུམ་དུ་ཐའེ་ཝན་སྤུན་ཟླ་དང་བཅས་པའི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ལས་དབང་གི་གཞི་རྟེན་བཅའ་ས་ཡིན། འགྲམ་གཉིས་ཀྱི་སྤུན་ཟླ་ཚོས“ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས། ཞི་བས་གཅིག་གྱུར་ཡོང་རེ་བྱེད་པའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་དོན་གཉེར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དེ་ཀྲུང་གོ་པ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།

འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མས་ཁྱིམ་གཞིས་ཞི་བདེ་ལྷོད་མོ་དང་ནང་མི་འཆམ་མཐུན་མཉམ་གནས་ཡོང་བར་རེ་ལྟོས་བྱེད་ཀྱིན་ཡོད་པས། ངེས་པར་དུ་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ལ། དེའི་འགག་རྩ་ནི་ཀྲུང་གོ་གཅིག་གི་རྩ་དོན་མཚོན་ཐུབ་པའི “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་ཞིང་། དེའི་སྲོག་ཤིང་ནི་འགྲམ་གཉིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཡིན་པའི་གཞི་རྩའི་དོན་དངོས་ལ་མཉམ་དུ་ངོས་འཛིན་ཡོང་བར་བྱ་རྒྱུ་དེ་ཡིན།  རྒྱལ་ཁབ་ཁ་བྲལ་དུ་གཏོང་མི་རུང་བ་དང་འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་གོ་པ་དང་ཁྱིམ་ཚང་གཅིག་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་བ་ཡིན་ན། གཞི་ནས་འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་གདན་གཅིག་གི་སྟེང་མཉམ་འདུག་བྱས་ནས། ཁྱིམ་ཚང་གཅིག་གི་དོན་དག་གི་ཐད་ནས་འབྲེལ་གཏུག་བརྗེ་རེས་བྱས་ཏེ། ཕན་ཚུན་བར་རྒྱུས་ལོན་བྱེད་ཚད་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་ཕན་ཚུན་བར་གྱི་ཡིད་ཆེས་འཕེལ་བར་བྱེད་པ། འགལ་བ་སེལ་བ། ངོས་འཛིན་གཅིག་མཐུན་ཡོང་ཐབས་བཅས་བྱས་ཆོག

གཉིས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་བདེ་སྐྱིད་མཉམ་དུ་བློ་བརྟན་འགྱུར་མེད་ངང་བསྐྲུན་དགོས། འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ལ་བདེ་སྐྱིད་ཡོང་བར་བྱ་རྒྱུ་ནི་ང་ཚོས་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འགོ་རྩོམ་ས་དང་མཇུག་བསྡུ་ས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་བདེ་སྐྱིད་མཉམ་དུ་བསྐྲུན་རྒྱུ་དེ་ནི། དམིགས་ཡུལ་བརྗིད་ཉམས་ལྡན་ལ་བབ་ཆགས་ཀྱང་ཡིན། མཐར་གཏུགས་ནས་བཤད་ན་འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་མངོན་འགྱུར་བྱས་ཏེ། ཐའེ་ཝན་སྤུན་ཟླ་དང་བཅས་པའི་ཀྲུང་གོ་པ་ཡོངས་ཀྱིས་འཚོ་བ་སྔར་ལས་སྐྱིད་པོ་རོལ་ཐུབ་པར་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་ཡོང་བར་བྱ་རྒྱུ་དེ་ཡིན། ང་ཚོར་སྐམ་ས་ཆེན་མོའི་སྤུན་ཟླ་དུང་ཕྱུར14ལྷག་གི་སྣེ་ཁྲིད་དེ། ཀུན་ལ་འཚོ་བ་ཡག་པོ་རོལ་ཏུ་འཇུག་ཐུབ་པའི་ནུས་པ་ཡོད་ལ། ཐའེ་ཝན་སྤུན་ཟླ་དང་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་ཐུབ་པའི་ནུས་པ་ཡང་ཀུན་ནས་འཛོམས།

ང་ཚོས་ཐོག་མཐའ་བར་གསུམ་དུ་ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་ལ་བསམ་བློ་བཏང་སྟེ། ཐའེ་ཝན་སྤུན་ཟླ་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོ་སྐབས་ཐོག་མ་མཉམ་སྤྱོད་བྱེད་རྒྱུ་དང་། མེས་རྒྱལ་སྐམ་ས་ཆེན་མོའི་འཕེལ་རྒྱས་ཡར་ཐོན་གྱི་གྲུབ་འབྲས་ཐོག་མཐའ་བར་གསུམ་དུ་མཉམ་སྤྱོད་བྱེད་རྒྱུ། ཐའེ་ཝན་སྤུན་ཟླའི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོར་སྒྲུབ་པ། དཀའ་ངལ་སེལ་རྒྱུ་བཅས་ལ་རྩེ་གཅིག་ཏུ་གཞོལ་ཏེ། ཐའེ་ཝན་སྤུན་ཟླར་ཁེ་ཕན་སྔར་ལས་གང་མང་སྟེར་བ་དང་བདེ་སྐྱིད་དངོས་སྟེར་བ། འབྱུང་འགྱུར་སྔར་ལས་ལེགས་པོ་བསྐྲུན་པ་བཅས་བྱེད་དགོས།

གསུམ་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་རིང་མོའི་ཁྲོད་དུ། མཉམ་དུ་གཅེར་ནོར་ལྟ་བུའི་ཐའེ་ཝན་གླིང་ཕྲན་དང་བཅས་པའི་མེས་རྒྱལ་གྱི་མངའ་ཁོངས་འཛུགས་སྐྲུན་བྱས་པ་དང་། མཉམ་དུ་ཀྲུང་གོའི་ལོ་རྒྱུས་བྲིས་ཡོད་ལ། མཉམ་དུ་ཀྲུང་ཧྭའི་རིག་གནས་གསར་སྐྲུན་བྱས་པར་མ་ཟད། མཉམ་དུ་མི་རིགས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱས་ཡོད། འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་སྔོན་ཆད་ནས་བཟུང་ཁྱིམ་ཚང་གཅིག་ཡིན་པས། དུས་རྟག་ཏུ་ཕར་འགྲོ་ཚུར་འོང་བྱེད་དགོས་ལ། ཕན་ཚུན་བར་འགྲོ་འོང་ཇི་ཙམ་གྱིས་མང་པོ་བྱས་པ་དེ་ཙམ་གྱིས་ཕན་ཚུན་གྱི་སེམས་པ་ཇེ་ཉེ་རུ་འགྲོ་ངེས་ཡིན། ང་ཚོས་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ། འགྲམ་གཉིས་ཀྱི་བརྗེ་རེས་དང་འགྲོ་འོང་མཉམ་འདྲེས་ལ་སྐུལ་འདེད་གང་ལེགས་བཏང་ནས། འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་ཕན་ཚུན་བརྗེ་རེས་བྱེད་པ་དང་། འགྲོ་འོང་དངོས་ཀྱི་ཁྲོད་ནས་ཡིད་ཆེས་འཕེལ་བར་བྱས་ཏེ། སེམས་ཁམས་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་རྣམས་སྐམ་ས་ཆེན་མོར་ཐེངས་གང་མང་ཡོང་བར་གདན་འདྲེན་ཞུ་རྒྱུ་ཡིན་ལ། སྐམ་ས་ཆེན་མོའི་མང་ཚོགས་རྣམས་ མེས་རྒྱལ་གྱི་གཅེར་ནོར་ལྟ་བུའི་ཐའེ་ཝན་གླིང་ཕྲན་དུ་སོང་ནས་ལྟ་སྐོར་མང་ཙམ་བྱེད་ཐུབ་པའི་རེ་ལྟོས་ཆེ།

ཀྲུང་ཧྭའི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྲོག་རྩ་ཡིན་ལ། འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཀྱང་ཡིན། འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་ཡིད་ཆེས་བརྟན་པོ་བྱས་ནས། རང་རྟོགས་སྒོས་ཀྲུང་ཧྭའི་རིག་གནས་ཀྱི་སྲུང་སྐྱོབ་པ་དང་རྒྱུན་འཛིན་པ། དར་སྤེལ་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཁོངས་གཏོགས་ཀྱི་འདུ་ཤེས་དང་མོས་མཐུན་གྱི་འདུ་ཤེས། གཟི་བརྗིད་ཀྱི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་དགོས།

བཞི་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བརྟན་པོ་ཡོང་བར་བྱེད་དགོས། ལོ་ངོ་བརྒྱའི་རིང་འབད་འཐབ་བྱས་པ་བརྒྱུད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཞིག་དངོས་སུ་བཏོད་པ་དང་། མི་རིགས་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལམ་ཚུར་བསུས་ལ། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐབས་དེར་བཀོད་པའི་འཆར་གཞི་མངོན་འགྱུར་བྱུང་བར་མ་ཟད། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་བསམ་ཚོད་བྱས་པ་ལས་ཆེས་ཆེར་བརྒལ་བའི་གྲུབ་འབྲས་མང་པོ་ཞིག་ཀྱང་གསར་སྐྲུན་བྱས་ཡོད། མི་རིགས་བསྐྱར་དར་གྱི་ལོ་རྒྱུས་རྩིབས་སྟོང་མདུན་ནས་མདུན་དུ་ཤར་མར་བསྐྱོད་ཅིང་། དེའི་ཁྲོད་དུ་འགྲམ་གཉིས་ཀྱི་སྤུན་ཟླ་ཡོངས་ཀྱི་འབད་འཐབ་དང་རྔུལ་ཆུ་འདུས་ཡོད་པས། འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་བསམ་པ་གཅིག་མཐུན་སྒོས་གསར་གཏོད་དང་མུ་མཐུད་འབད་འཐབ་བྱེད་དགོས་པར་མ་ཟད། མཐར་འགྲམ་གཉིས་ཀྱི་སྤུན་ཟླ་ཚོའི་འབད་འཐབ་ལྷོད་མེད་ཀྱི་ཁྲོད་ནས་ཡོད་ཚད་མངོན་འགྱུར་བྱེད་ཐུབ། འགྲམ་གཉིས་ཀྱི་གཞོན་ནུ་རྣམས་ལ་བྱས་རྗེས་ཆེན་པོ་འཇོག་རིན་ཡོད་ལ་རང་གི་རྩལ་ནུས་ངོམ་སའང་ཡོད། ང་ཚོས་ཐའེ་ཝན་གྱི་ན་གཞོན་རྣམས་མེས་རྒྱལ་སྐམ་ས་ཆེན་མོར་ཕུགས་འདུན་དོན་གཉེར་བྱེད་དུ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་ཅིང་། འགྲམ་གཉིས་ཀྱི་ན་གཞོན་འཚར་ལོངས་འབྱུང་བ་དང་འཇོན་ཐང་ཅན་དུ་འགྱུར་བ། གྲུབ་འབྲས་ཐོབ་པ་བཅས་བྱེད་པར་ཆ་རྐྱེན་སྔར་ལས་གང་ལེགས་དང་གོ་སྐབས་སྔར་ལས་གང་མང་བསྐྲུན་རྒྱུ་ཡིན། འགྲམ་གཉིས་ཀྱི་ན་གཞོན་ཚོས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་གཅིག་རྟེན་གཅིག་འདེགས། བློ་གཅིག་སེམས་གཅིག་གིས་འབྲེལ་འདྲིས་བཅས་བྱས་ཏེ། ལོ་རྒྱུས་ཀྱི་རྒྱུན་ཡག་པོར་མཐུད་ནས། མི་རིགས་བསྐྱར་དར་མངོན་འགྱུར་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཟླ4པའི་ཚེས3ཉིན། ཐའེ་ཝན་གྱི་ཧྭ་ལན་རྫོང་མཚོ་ཁོངས་སུ་ཚན་རིམ7.3གྱི་ས་ཡོམ་བྱུང་ནས། མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་བཟོས་ཡོད་པས། ངས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཞུས་པ་ཡིན་ལ། གནོད་ཐེབས་མང་ཚོགས་ལ་འཚམས་འདྲིའང་ཞུས་པ་ཡིན་ཞེས་གསུངས།

མཱ་དབྱིན་ཅིའུ་ཡིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱེད་རྒྱུ་དང་། “ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་རྒྱུ་ནི། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་ཡིན། འགྲམ་གཉིས་ཀྱི་མི་དམངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ་དང་། ཚང་མ་མེས་པོ་ཡན་ཧོང་གཉིས་ཀྱི་བུ་རབས་ཚ་རྒྱུད་ཡིན་པའི་དབང་གིས། ཕན་ཚུན་བར་བརྗེ་རེས་མཉམ་ལས་ཟབ་མོ་བྱས་ནས། ཀྲུང་ཧྭའི་རིག་གནས་མཉམ་དུ་རྒྱུན་འཛིན་བྱེད་རྒྱུ་དང་། འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱི་བདེ་སྐྱིད་མངོན་སུམ་གྱིས་ཇེ་ཆེར་གཏོང་བ། མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱས་ཏེ། ཀྲུང་ཧྭ་དར་རྒྱས་གཏོང་རྒྱུར་རྩེ་གཅིག་ཏུ་འབད་དགོས་ཞེས་བསྟན།

མཇལ་འཕྲད་ལ་ཞུགས་པའི་ཐའེ་ཝན་གྱི་ན་གཞོན་འཐུས་མིས་གཏམ་བཤད།

ཝང་ཧུའུ་ཉིང་དང་ཚའེ་ཆི་སོགས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།