ཞི་ཅིན་ཕིང་གིས་མཱ་དབྱིན་ཅིའུ་སོགས་ལ་མཇལ་འཕྲད་གནང་ནས་གསུང་བཤད་གལ་ཆེན་གནང་བར་ཚུར་སྣང་ཆེན་པོ་བྱུང་།
2024.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ4པའི་ཚེས10ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་མཱ་དབྱིན་ཅིའུ་སོགས་ལ་མཇལ་འཕྲད་གནང་ནས། གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་དང་ཕུགས་ཀྱི་འཕེལ་རྒྱས་ངོས་ནས་འགྲམ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ཁོང་དུ་ཆུད་པར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་དེས། འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་ཡང་དག་པ་གསལ་སྟོན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲམ་གཉིས་ཀྱི་སྤུན་ཟླ་ཚོར་ཐུན་མོང་གི་ཁྲག་རྒྱུན་དང་ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་བཅས་ཡོད་པ་དང་། དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ནི་ང་ཚོར་མི་རིགས་ཀྱི་ངོས་ནས་ཐུན་མོང་གི་འགན་འཁྲི་ཡོད་པ་དང་འབྱུང་འགྱུར་གྱི་ངོས་ནས་ཐུན་མོང་གི་རེ་ལྟོས་ཡོད། འགྲམ་གཉིས་ཀྱི་སྤུན་ཟླ་ཚོས“ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས། ཞི་བས་གཅིག་གྱུར་ཡོང་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་དོན་གཉེར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དེ་ཀྲུང་གོ་པ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེས་མཚོ་འགག་འགྲམ་གཉིས་སུ་ཚུར་སྣང་ཆེན་པོ་བསླངས།

ཞི་ཅིན་ཕིང་གིས་མཇལ་འཕྲད་གནང་སྐབས། ཀྲུང་ཧྭ་མི་རིགས་ཀྱིས་གནའ་ནས་ད་ལྟའི་བར་དུ། མཚོ་འགག་འགྲམ་གཉིས་ཀྱི་ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས་བྲིས་ཡོད་པ་དང་། འགྲམ་གཉིས་ཀྱི་སྤུན་ཟླའི་ཁྲག་རྒྱུན་གཅིག་པ་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་བྲིས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་འགྲམ་གཉིས་ཀྱི་ན་གཞོན་རྣམས་ཀྲུང་གོ་པ་བྱེད་པའི་བློ་རྩ་དང་ལ་རྒྱ། གདིང་ཤུགས་བཅས་མངོན་སུམ་གྱིས་ཇེ་ཆེར་བཏང་ནས། གཅིག་སེམས་གཅིག་འབྲེལ་སྒོས་ལོ་རྒྱུས་ཀྱི་རྒྱུན་ཡག་པོར་མཐུད་དེ། མི་རིགས་བསྐྱར་དར་མངོན་འགྱུར་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས།

ཐའེ་ཝན་གྱི་ན་གཞོན་ལིས་ལེང་དབྱི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ལོ་རྒྱུས་རིང་བོ་ཡོད་པ་དང་། སྔོན་རབས་པའི་འབད་བརྩོན་ལ་བརྟེན་ནས། ང་ཚོར་ད་གཟོད་ད་ལྟའི་དཔལ་འབྱོར་དང་དམངས་ཚིས་སོགས་ཕྱོགས་སོ་སོ་ཡར་ངོའི་ཟླ་ལྟར་འཕེལ་བའི་སྐལ་བ་བཟང་བོ་ཤར་བ་རེད་ཞེས་གསུངས་སོང་། སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་རྒྱལ་བ་ཀྱི་མ་འོངས་པ་ནི་ན་གཞོན་ལ་རག་ལས་ཡོད་པས། འགྲམ་གཉིས་ཀྱི་ན་གཞོན་རྣམས་ཀྱིས་ངེས་པར་དུ་རོགས་རེས་དང་མཉམ་ལས་མང་དུ་བྱེད་དགོས་ཞེས་གསུངས་སོང་ཟེར། 

པེ་ཅིང་སློབ་ཆེན་གྱི་སློབ་མ་དབྱང་ཁྲིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གནང་སྐབས་འགྲམ་གཉིས་ཀྱི་སྤུན་ཟླ་ཚོར་ཐུན་མོང་གི་ཁྲག་རྒྱུན་དང་ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་བཅས་ཡོད་ཅེས་གསུངས་བྱུང་། ང་ལ་མཚོན་ན་དེའི་ཐད་དུ་མྱོང་ཚོར་ཟབ་མོ་ཡོད་དེ། ང་ཚོའི་བར་དུ་རྒྱ་མཚོས་བཅད་ཡོད་ནའང་། ཕན་ཚུན་བར་གྱི་བརྩེ་སེམས་ལ་ལྷོད་པ་གཏན་ནས་མེད་ལ། འགྲམ་གཉིས་ཀྱི་འབྲེལ་འདྲིས་ཁྲོད་དུ་ན་གཞོན་རྣམས་ཀྱིས་རང་གི་ལང་ཚོ་ལེགས་སྐྱེས་སུ་འབུལ་ངེས་ཡིན། འགྲམ་གཉིས་ཀྱི་ན་གཞོན་ཚོའི་ལག་གདང་ནམ་ཡང་དམ་པོར་སྦྲེལ་ངེས་པར་ང་ལ་ཡིད་ཆེས་ཡོད

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་ཧྭ་མི་རིགས་སྤྱིའི་ཁེ་ཕན་དང་ཕུགས་ཀྱི་འཕེལ་རྒྱས་ལ་བརྟེན་ནས། འགྲམ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ལ་སྲུང་སྐྱོབ་བརྟན་པོ་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་བདེ་སྐྱིད་མཉམ་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བརྟན་པོ་ཡོང་བར་བྱེད་པ་བཅས་ལ་འབད་དགོས་ཞེས་ནན་གྱིས་གསུངས།

འགྲམ་གཉིས་ཀྱི་ཞི་བའི་འཕེལ་རྒྱལ་གླེང་སྟེགས་བསྡུ་མཁན། ཐའེ་ཝན་ངལ་རྩོལ་ཏང་གི་ཀྲུའུ་ཞི་ཝུའུ་རོང་ཡོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་དཀྱེལ་དང་ཆབ་སྲིད་ཀྱི་མཁྱེན་རྒྱས་ཐའེ་ཝན་སྤུན་ཟླའི་སེམས་ལ་དྲོད་ཁོལ་སྦྱིན་སོང་། ཀྲུང་ཧྭ་ཁྱིམ་གཞི་ཆེན་མོའི་ནང་དུ་ཐག་གཅོད་མི་ཐུབ་པའི་དོན་དག་ཅིག་མེད་ལ། ཐའེ་ཝན་རང་བཙན་ལ་མདུན་ལམ་གཏན་ནས་མེད། གཅིག་གྱུར་བྱ་གཞག་གིས་སྒྲོན་མེ་དང་འདྲ་བར་ཐའེ་ཝན་ལ་མདུན་ལམ་བསྟན་ཡོད། 

མཱ་དབྱིན་ཅིའུ་ཐེབས་རྩ་ཚོགས་པའི་ལག་བསྟར་དཔོན་པོ་ཞའོ་ཞུའུ་ལན་གྱིས་བཤད་རྒྱུར། ངས་བལྟས་ན་ཀྲུང་ཧྭའི་རིག་གནས་ནི་འགྲམ་གཉིས་ཀྱི་ཐུན་མོང་གི་རྩ་བ་ཡིན་པ་དང་། ང་ཚོ་ཚང་མ་མེས་པོ་ཡན་ཧོང་གཉིས་ཀྱི་བུ་རབས་ཚ་རྒྱུད་ཡིན་ལ། གོ་གཉིས་ལོའི་ཐུན་མོང་ལྟ་བ་ནི་འགྲམ་གཉིས་གཅིག་གྱུར་ཡོང་བའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་ཡིན་པས། ང་ཚོས་ཐའེ་ཝན་གྱི་ཏང་ཁག་གང་ཡིན་རུང་། འགྲམ་གཉིས་ཀྱི་ཐུན་མོང་ཆབ་སྲིད་རྨང་གཞི་བརྩི་སྲུང་བྱེད་པ་དང་། འགྲམ་གཉིས་ཀྱི་བརྗེ་རེས་སླར་གསོ་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན། འདི་ནི་ད་གཟོད་མི་དམངས་ཀྱི་བདེ་སྐྱིད་ཡིན་ཟེར། 

བན་དེ་སྐྱབས་ཀྱིས་བསྒྱུར།