ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དཔེ་ཀློག་འཛིན་གྲྭའི་ཆེད་དོན་བགྲོ་གླེང་དང་སློབ་མཇུག་སྒྲིལ་བའི་མཛད་སྒོ་བསྡུས།
2024.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་འཛིན་གྲྭའི་ཆེད་དོན་བགྲོ་གླེང་དང་སློབ་མཇུག་སྒྲིལ་བའི་མཛད་སྒོ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་སྒྲིག་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་མཐོར་འདེགས་གཏོང་བའི་བརྒྱུད་རིམ་དུ་བསྒྱུར་བར་སྣེ་ཁྲིད་བྱེད་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་ཞིང་ཆེན་གོང་འོག་ཡོངས་ཀྱིས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་སྤེལ་གཏོང་བའི་མཉམ་ཤུགས་གཅིག་ཏུ་བསྡུ་བ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བྱ་སྤྱོད་དངོས་ལ་བརྟེན་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཚད་དང་ལྡན་པའི་རྒྱུགས་ལན་སྤྲོད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།

ཝུའུ་ཞའོ་ཅུན་དང་ལིའུ་ཆི་ཧྥན། ཝང་ལིས་མེན། ལིའུ་མེ་ཕེན། ཚེ་རིང་ཐར་བཅས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པ་དང་སྒྲིག་སྲོལ་དམ་པར་བྱེད་པ། ཏང་གཤིས་ཆེར་བསྐྱེད་པའི་བརྗོད་དོན་ལ་དམིགས་ནས་ཆེད་དོན་བགྲོ་གླེང་དང་གཏམ་བཤད་གནང་རྗེས། ཁྲིན་ཀང་གིས་བསྟན་དོན། ཐེངས་འདིའི་དཔེ་ཀློག་འཛིན་གྲྭས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་རྒྱུ་དེ་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་ཞིབ་འཇུག་ཟབ་མོ་དང་དཔེ་ཀློག་ཞིབ་མོ་བྱས་ལ། བརྗོད་དོན་འབུར་དུ་ཐོན་པ་དང་རྩ་འཛུགས་ཕན་ནུས་ལྡན་པ། སྤྱོད་ཚུལ་གཟབ་ནན་ཡིན་པ་བཅས་བྱས་ཏེ། སྔོན་དཔག་གི་གྲུབ་འབྲས་བླངས། མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་རྒྱ་བསྐྱེད་པ། མཐོར་འདེགས་གཏོང་བ་དང་། འགོ་ཁྲིད་དེ་དཔེ་སྟོན་སྣེ་ཁྲིད་བྱེད་པ་དང་འགོ་ཁྲིད་དེ་དངོས་སུ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ། འགོ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་བྱས་ནས། རང་གཅུན་ནན་མོ་བྱེད་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཁོངས་གཏོགས་ས་ཆར་དོ་དམ་ནན་མོ་བྱེད་པའི་བསམ་བློ་དང་བྱ་སྤྱོད་སྔར་ལས་རང་རྟོགས་དང་སྔར་ལས་བརྟན་པོ་ཡོང་བར་བྱེད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་བགྲོ་གླེང་དམ་འཛིན་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་རྒྱུ་དེ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་འདྲེས་པར་བྱེད་པ་དང་ཉིན་རྒྱུན་དུ་དམ་འཛིན་བྱེད་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་འགོ་ཁྲིད་ཚན་ཁག་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་དམ་འཛིན་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས། སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་བརྩི་སྲུང་བཅས་བྱེད་དགོས། ཉེན་བརྡའི་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་ན། ཉེ་འགྲམ་གྱི་བྱ་བའི་དཔེ་གཞིར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་བར་དོ་སྣང་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་ཉེ་བའི་ལོ་འགའི་རིང་ལ་རང་ཞིང་གིས་རྩད་ཆོད་པའི་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པའི་དཔེ་མཚོན་གྱོད་གཞིའི་ཁྲོད་ནས་བསླབ་བྱ་བསྡུ་ལེན་བྱེད་པར་སྣེ་ཁྲིད་བྱས་ཏེ། གྱོད་གཞིས་བཅོས་སྐྱོང་ལ་སྐུལ་བར་སྐུལ་འདེད་གཏོང་དགོས། གསོ་སྦྱོང་འགྲེལ་ཀློག་དམ་འཛིན་བྱེད་ན། གསོ་སྦྱོང་གིས་སློབ་སྦྱོང་ལ་རོགས་འདེགས་བྱེད་པ་དང་། རིམ་བགར་རིགས་དབྱེ་དང་མི་དང་བསྟུན་ནས་བྱེད་ཐབས་སྤྱོད་པ། ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བ། སློབ་སྦྱོང་རྒྱུས་ལོན་གྱི་གཏིང་ཚད་ཡངས་ཚད་རྒྱུན་མ་ཆད་པར་རྒྱ་བསྐྱེད་དེ། ཏང་གི་སྒྲིག་ཁྲིམས་སྒྲིག་སྲོལ་གྱིས་བསམ་བློ་དང་བྱ་སྤྱོད་དག་ཐེར་བྱེད་དགོས། སྒྲིག་ཁྲིམས་དང་ལམ་ལུགས་འཛུགས་པ་དམ་འཛིན་བྱེད་ན། ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་གྱི་གནས་ཚུལ་དངོས་དེ་ཉམས་མྱོང་བྱེད་ཐབས་ལ་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དར་སྲོལ་ངན་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པ་དང་ཟུང་འབྲེལ་བྱེད་པ། ལམ་ལུགས་འཛུགས་སྐྲུན་བྱེད་པར་ཆ་སྡེབས་རྗེས་འདེད་བྱེད་པ། འབུར་ཐོན་གནད་དོན་སྐོར་ཞིག་ཐག་བཅད་དེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐད་ནས་གྲུབ་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་ཐུབ་པ་དང་ལག་བསྟར་བྱེད་ཐུབ་པ། ཡུན་རིང་བར་ཁག་ཐེག་བྱེད་དགོས། དག་ཐེར་ལེགས་བཅོས་དམ་འཛིན་བྱེད་ན། གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སློབ་སྦྱོང་བྱེད་ཞོར་དུ་ཞིབ་སྡུར་དང་གཟིགས་ཞིབ། ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་པ། གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་སློབ་སྦྱོང་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། ཕྱི་ཚུལ་ཙམ་མ་ཡིན་པར་ཇི་མ་ཇི་བཞིན་དུ་དག་ཐེར་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས།

དཔེ་ཀློག་འཛིན་གྲྭ་བསྡུ་བའི་སྐབས་སུ། སློབ་མ་ཡོངས་ཀྱིས་སྣེ་ཁྲིད་དེ་དཔེ་ཀློག་དང་སློབ་སྦྱོང་བྱེད་པ་དང་བགྲོ་གླེང་གཏམ་བཤད་བྱེད་པ། ཚན་ཆུང་བགོས་ནས་རང་སྦྱོང་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་དང་སྲོལ་ཡིག་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་རུལ་སུངས་ངོ་རྒོལ་དང་སྲིད་གཙང་དར་སྤེལ་ཉེན་བརྡའི་སློབ་གསོ་རྟེན་གཞི་ལ་ལྟ་སྐོར་བྱས། ཚང་མས་མཐའ་གཅིག་ཏུ། ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་ནི་ཕྱོགས་ཡོངས་ཀྱི་ཆབ་སྲིད་སློབ་གསོ་དང་གཞུང་ལུགས་སློབ་སྦྱོང་། བསམ་པའི་སྦྱོང་བརྡར་ཐེངས་གཅིག་ཡིན་པར་མ་ཟད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཞིག་ཀྱང་ཡིན། གཅིག་བསྡུས་སློབ་སྦྱོང་སློབ་གསོ་བརྒྱུད་དེ། ཏང་གི་སྒྲིག་ཁྲིམས་དྲུག་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཟབ་མོ་བྱས་པ་དང་། བསམ་བློ་ངོས་ཟིན་ཇེ་མཐོར་སོང་ལ། གཞུང་ལུགས་ཀྱི་དྲག་ཆས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པ་དང་། ཏང་གཤིས་བློ་སྦྱོང་ཐད་ནས་སྦྱོང་བརྡར་གསར་བ་ཐོབ་ལ། ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ཟེར། སློབ་མ་ཚོས། དངོས་སུ་སློབ་སྦྱོང་བྱེད་པ་དང་རྒྱུན་དུ་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་བྱེད་པ། ཏང་གི་སྒྲིག་ཁྲིམས་་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་རང་འཁྲིའི་བྱ་བར་སྐུལ་འདེད་གཏོང་བའི་ཕན་ལྡན་བྱེད་ཐབས་སུ་བསྒྱུར་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།