ཀྲའོ་ལི་ཅི་ཡིས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཆེས་མཐོ་མི་དམངས་གྲོས་ཚོགས་ཀྱི་ལས་འགན་རྒྱུན་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚུའེ་ལུང་ཧེ་དང་གྲོས་མོལ་གནང་།
2024.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཁྲའོ་ཞན་གྱི་རྒྱལ་ས་ཕིན་རང་དུ། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཆེས་མཐོ་མི་དམངས་གྲོས་ཚོགས་ཀྱི་ལས་འགན་རྒྱུན་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚུའེ་ལུང་ཧེ་དང་གྲོས་མོལ་གནང་།

ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་པ་ཚོས་དངོས་སུ་བསྐྲུན་པ་དང་གསོ་སྐྱོང་ཞིབ་མོ་བྱས་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བར་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྲུང་སྐྱོབ་ཡག་པོ་བྱེད་པ། སྔར་ལས་སྲ་བརྟན་དུ་གཏོང་བ། འཕེལ་རྒྱས་གང་ལེགས་གཏོང་རྒྱུ་ནི་ང་ཚོའི་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་བྱེད་ཕྱོགས་ཤིག་ཡིན་ཞེས་ཐེངས་དུ་མར་གསུངས་མྱོང་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་ད་ལོ་ནི་ཀྲུང་གོ་དང་ཁྲའོ་ཞན་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་ཕན་ཚུན་བར་གློག་འཕྲིན་བཏང་ནས་ལོ་གསར་ལ་རྟེན་འབྲེལ་ཞུས་ཏེ། 2024ལོ་ནི“ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོ”ཡིན་པ་གཏན་འཁེལ་མཛད་པར་མ་ཟད། དེ་བསྟུན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཁྱབ་སྒྲོག་གནང་། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། “ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོའི”བྱེད་སྒོ་གོ་སྐབས་སུ་བྱས་ཏེ། མཐོ་རིམ་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་གཉིས་ཕན་མཉམ་ལས་ཟབ་སྤེལ་བྱེད་པ། མི་གཞུང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་མུ་མཐུད་མདུན་ནས་མདུན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ནི་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཇེ་དམ་དུ་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ། ཁྲིམས་འཛུགས་སྒྲིག་གཞིའི་བར་དུ་འགྲོ་འོང་དང་མཉམ་ལས་དམ་ཟབ་བྱས་ནས། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས།

ཚུའེ་ལུང་ཧེ་ཡིས་ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་མཛུབ་སྟོན་ཁ་ཕྱོགས་བརྩི་སྲུང་བྱས་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་དང་། “ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་ལོ”གོ་སྐབས་སུ་བྱས་ཏེ། ཁྲའོ་ཞན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱས་ཏེ། ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཕྱོགས་གཉིས་ཀས་རྒྱལ་སྤྱིའི་ས་ཁུལ་གྱི་གནས་བབ་དང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་དགོངས་འཆར་བརྗེ་རེས་གནང་།

བན་དེ་སྐྱབས་ཀྱིས་བསྒྱུར།