རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་ཉེན་ཁར་དོགས་ཟོན་བྱས་ཏེ་མ་རྩའི་ཁྲོམ་ར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགའ》པར་འགྲེམས་བྱས།
2024.04.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་ཉེར་ཁར་དོགས་ཟོན་བྱས་ཏེ་མ་རྩའི་ཁྲོམ་ར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགའ》པར་འགྲེམས་བྱས།

《བསམ་འཆར》ལས་ནན་གྱིས་བསྟན་དོན། ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས་མ་རྩའི་ཁྲོམ་རའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་པར་འགན་ལེན་བྱེད་དགོས་པ་དང་། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཆེད་དུ་དངུལ་རྩ་སྤྱོད་པའི་འདུ་ཤེས་ལག་བསྟར་བྱས་ནས་མ་དངུལ་འཇོག་མཁན་དང་ལྷག་པར་དུ་མ་དངུལ་འཇོག་མཁན་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་སྔར་ལས་ནུས་ལྡན་བྱེད་དགོས།  ངེས་པར་དུ་ལྟ་སྐུལ་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་ཉེན་ཁ་འགོག་སེལ་ནུས་ལྡན་བྱས་ནས་ལྟ་སྐུལ་ལེགས་པོ་འཁྱོངས་པར་འགན་སྲུང་བྱེད་དགོས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་མ་རྩའི་ཚོང་ར་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྒོ་འབྱེད་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དམ་པོར་བཟུང་ནས་རྒྱལ་དམངས་དཔལ་འབྱོར་གྱི་ཁྱབ་ཁོངས་གཙོ་བོ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་ཞབས་འདེགས་སྔར་ལས་ཆེན་པོ་ཞུ་དགོས།

《བསམ་འཆར》ནང་འགྲེམས་སྤེལ་དང་ཁྲོམ་རར་ཞུགས་པའི་ཆོག་མཆན་འགག་སྒོ་ནན་མོར་སྲུང་བ་དང་། ཁྲོམ་འགྲེམས་ཀུང་ཟིར་རྒྱུན་མཐུད་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ། ཚོང་ར་ནས་ཕྱིར་འཐེན་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ། དངུལ་འཛིན་ཐེབས་རྩའི་སྒྲིག་གཞིར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས་ལས་རིགས་ཀྱི་འབྱུང་ཁུངས་སུ་ཕྱིར་ལོག་པ་དང་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ལ། ཉོ་ཚོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས་མ་རྩའི་ཚོང་རའི་ནང་གནས་ཀྱི་བརྟན་བརླིང་རང་བཞིན་ཇེ་ཆེར་གཏོང་དགོས་ཤིང་། དུས་ཡུན་རིང་འབྲིང་གི་མ་དངུལ་ཚོང་རར་ཞུགས་རྒྱུར་སྐུལ་འདེད་ཆེན་པོ་བཏང་ནས་ཡུན་རིང་གི་མ་དངུལ་འཇོག་པའི་སྟོབས་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་དགོས་པ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དང་། མ་རྩའི་ཚོང་ར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཤ་བོ་གསེར་མཚོས་བསྒྱུར།