ཀྲའོ་ལི་ཅི་ཡིས་ཚུའེ་ལུང་ཧེ་དང་གྲོས་མོལ་མཛད་པར་མ་ཟད“ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོའི”འགོ་རྩོམ་མཛད་སྒོར་ཞུགས།
2024.04.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས11ཉིན་ནས་ཚེས12ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཕེན་རང་དུ་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཆེས་མཐོ་མི་དམངས་གྲོས་ཚོགས་ཀྱི་ལས་འགན་རྒྱུན་ཁུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚུའེ་ལུང་ཧེ་དང་གྲོས་མོལ་མཛད་པར་མ་ཟད་མཉམ་དུ“ཀྲུང་གོ་དང་ཁྲའོ་ཞན་མཛའ་མཐུན་ལོའི”འགོ་རྩོམ་མཛད་སྒོར་ཞུགས།

ཚེས11ཉིན་གྱི་ཕྱི་དྲོར། ཚུའེ་ལུང་ཧེ་དང་གྲོས་མོལ་མཛད་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་མཐུན་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་པས་དངོས་སུ་བཏོད་པ་དང་གསོ་སྐྱོང་ཞིབ་ཚགས་བྱས་པ་ཞིག་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བར་ཧ་ཅང་མཐོང་ཆེན་གནང་བཞིན་པ་དང་། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་བྱེད་ཕྱོགས་ཤིག་ཡིན་ཞེས་ཐེངས་མང་བསྟན་ཡོད། ད་ལོ་ནི་ཀྲུང་གོ་དང་ཁྲའོ་ཞན་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གཉིས་ཀྱིས་ལོ་སར་གྱི་རྟེན་འབྲེལ་ཞུ་འཕྲིན་སྤྲིངས་ནས2024ལོ་དེ“ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོ”ལ་གཏན་འཁེལ་བྱས་པར་མ་ཟད་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། “ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོའི”བྱེད་སྒོ་གོ་སྐབས་སུ་བྱས་ཏེ་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཚུའེ་ལུང་ཧེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་སྣེ་ཁྲིད་འོག་ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་དུས་རབས་གསར་པར་སླེབས་པ་དེ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གསོན་ཤུགས་ལྡན་པ་དང་བརྟན་པོ་ཡིན་པ་མཚོན་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་འབྲེལ་བ་བཙུགས་ནས་ལོ75འཁོར་བ་དང“ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་ལོ”གོ་སྐབས་སུ་བྱས་ནས་ཁྲའོ་ཞན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་ནས་ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

གྲོས་མོལ་བྱས་རྗེས་ཀྲའོ་ལི་ཅི་དང་ཚུའེ་ལུང་ཧེ་ཡིས་ཀྲུང་གོ་དང་ཁྲའོ་ཞན་གྱིས་ཕྱི་འབྲེལ་གཞུང་དོན་ཐོངས་མཆན་དང་འགག་སྒོའི་ནད་ཡམས་ཞིབ་བཤེར་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པར་བསྡུས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས།

ཚེས12ཉིན་གྱི་ཕྱི་དྲོར། ཀྲའོ་ལི་ཅི་དང་ཚུའེ་ལུང་ཧེ་གཉིས་མཉམ་དུ“ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོའི”འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་སོ་སོར་ཤིས་ཚིག་ཕུལ།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་ནི་རི་ཆུ་འབྲེལ་ཞིང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་སྲོལ་རྒྱུན་མཛའ་མཐུན་དར་སྤེལ་དང་། འཐབ་ཇུས་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མཉམ་དུ་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་མཐུན་གྱི་ལེའུ་གསར་པ་འབྲི་འདོད་ཡོད།

ཚུའེ་ལུང་ཧེ་ཡིས་བསྟན་དོན། ཁྲའོ་ཞན་དང་ཀྲུང་གོའི་བར་གྱི་མཛའ་བརྩེ་དུས་ཡུན་རིང་བོར་སྲ་བརྟན་དུ་ཕྱིན་པ་དང་། ཁྲའོ་ཞན་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་དུས་རབས་གསར་པའི་ཁྲའོ་ཞན་དང་ཀྲུང་གོ་བར་གྱི་འབྲེལ་བ་དེ་འཐབ་ཇུས་ཀྱི་མཐོ་ཚད་གསར་པར་མཐོ་འདེགས་བྱས་ཡོད། ཁྲའོ་ཞན་ཕྱོགས་ཀྱིས“ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་ལོ”གོ་སྐབས་སུ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་འཕེལ་རྒྱས་སུ་གཏོང་བ་དང་། ཁྲའོ་ཞན་དང་ཀྲུང་གོའི་མཛའ་བརྩེ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ལམ་བུ་གསར་པ་འབྱེད་འདོད་ཡོད།

དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་དུས་མཉམ་དུ་ཁྲའོ་ཞན་དུ་བསྐྱོད་པའི་ཀྲུང་གོའི་སྒྱུ་རྩལ་ཚོགས་པ་དང་ཁྲའོ་ཞན་ཕྱོགས་ཀྱི་སྒྱུ་རྩལ་ཚོགས་པ་གཉིས་ཀྱིས་མཉམ་དུ་སྤེལ་བའི་རིག་རྩལ་འཁྲབ་སྟོན་ལ་བལྟས། རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་པས་རང་རང་གི་ཁྱད་ཆོས་ལྡན་པའི་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་མི་དམངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་འདུན་པ་བཟང་པོ་མཚོན་པར་བྱས།

ཚེས12ཉིན་གྱི་སྔ་དྲོར། ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་མཆོད་རྟེན་ལ་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་། ཀྲུང་གོ་མི་དམངས་དང་བླངས་དམག་གི་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་དྲན་གསོ་ཞུས། ཀྲའོ་ལི་ཅི་ཡིས་ད་དུང་ཅང་ཏུང་ཕྱོགས་བསྡུས་དྲོད་ཁང་ཞིང་རར་ལྟ་སྐོར་བྱས།

ཤ་བོ་གསེར་མཚོས་བསྒྱུར།