ཝང་ཧུའུ་ཉིང་གིས་སུའུ་རི་ནམ་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.04.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཟླ4པའི་ཚེས12ཉིན་པེ་ཅིང་དུ་སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏའོ་ཅི་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་སུའུ་རི་ནམ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་བྱས་པ་དང་། འདྲ་མཉམ་གྱི་ལྟ་སྟངས་བཟུང་ཞིང་། གཉིས་ཕན་མཉམ་ལས་བྱས་པ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ཐོག་མཐའ་བར་གསུམ་དུ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ་ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་པ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་དམ་ཟབ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་བྱས་རྗེས་ལེགས་པོ་འཇོག་འདོད་ཡོད།

ཧྲན་ཏའོ་ཅི་ཡིས་བསྟན་དོན། སུའུ་རི་ནམ་དང་ཀྲུང་གོའི་མཛའ་བརྩེ་ལ་ལོ་རྒྱུས་ཡུན་རིང་ལྡན། ཀྲུང་གོ་པའི་ཚོགས་པས་སུའུ་རི་ནམ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། སུའུ་རི་ནམ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་པ་དང་། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་སུའུ་རི་ནམ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཧྲི་ཐའེ་ཧྥིན་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།

ཟླ4པའི་ཚེས12ཉིན་གྱི་སྔ་དྲོར། སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏའོ་ཅི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བསྐྱོད་དེ་མི་དམངས་དཔའ་བོའི་དྲན་གསོའ་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།

ཤ་བོ་གསེར་མཚོས་བསྒྱུར།