རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།
2024.04.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་བདུན་པ་ཟླ4པའི་ཚེས12ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་འགོ་འཛིན་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་འབོར་དུང་ཕྱུར་བཅུ་ཕྲག་གི་ཟ་མའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་བའི་དོན་ཆེན་ཨང་དང་པོར་བརྩིས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་མྱུར་དུ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་བྱས་ལ། ས་ཞིང་ལ་བརྟེན་ནས་འབྲུ་རིགས་གསོག་པ་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་རང་རྒྱལ་གྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ཡོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུ་རིགས་བདེ་འཇགས་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་བྱས་ཏེ་གོ་བ་གཏིང་ཟབ་ལེན་པ་དང་། ཆེད་དམིགས་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པར་ནུས་ཤུགས་གང་ལེགས་འདོན་དགོས། 

ཝང་ཧུའུ་ཉིང་གིས་བསྟན་དོན། འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ལངས་གནས་ཇེ་མཐོར་གཏོང་བ་དང་མཐོང་རྒྱ་ཇེ་ཆེར་གཏོང་བ། འབྲུ་རིགས་བདེ་འཇགས་ཁྲོད་ཀྱི་ཡུན་རིང་རང་བཞིན་དང་འཕེལ་ཕྱོགས་རང་བཞིན་གྱི་གནད་དོན་ལ་དམིགས་པ་དང་། འབྲུ་རིགས་འདེབས་པའི་ཞིང་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་འབྲུ་རིགས་འདེབས་འཛུགས་ཀྱི་བརྩོན་སེམས་ལ་བར་ཆད་བཟོ་བའི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་ཞིབ་འཇུག་རིགས་སྒྲུབ་དང་གྲོས་འདོན་ཇུས་འབུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་བརྟན་པོ་ཡོང་བར་རོགས་རམ་སྔར་ལས་ལེགས་པོ་བྱེད་དགོས། སྲིད་ཇུས་དོན་འཁྱོལ་བྱེད་སྐབས་ཀྱི་གནས་ཚུལ་དང་གནད་དོན་དུས་ཐོག་ཏུ་ཚུར་སྣང་བྱེད་པ་དང་། ལས་དོན་ལེགས་བཅོས་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་བསམ་འཆར་དང་གྲོས་གཞི་འདོན་པ། ཏང་དང་རྒྱལ་ཁབ་ཀྱི་ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ཁག་དང“ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་དང་བློ་སྒོ་འབྱེད་ཚུལ་དྲིལ་བསྒྲགས་དང་གསལ་འགྲེལ་བྱས་ཏེ་ཞིང་ལས་ལ་དོ་ཁུར་དང་། གྲོང་གསེབ་ལ་སེམས་ཁུར། ཞིང་པར་གཅེས་སྐྱོང་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཆགས་པར་སྐུལ་འདེད་གཏོང་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་དང་། འབྲུ་འདེབས་ཁྱིམ་ཚང་ཆེན་མོ། ཆེད་མཁས་པའི་འཐུས་མི་བཅས་ཀྱིས་གཏམ་བཤད། ཚང་མས་འབྲུ་རིགས་འདེབས་པའི་ཞིང་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་བརྩོན་སེམས་བསྐྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ཞིང་ལས་འགན་བཅོལ་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། དེང་རབས་ཅན་གྱི་འབྲུ་རིགས་ཐོན་ལས་མ་ལག་འཛུགས་སྐྲུན་བཅས་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ལ། འབྲུ་རིགས་གཞི་ཁྱོན་འོས་འཚམ་ལྡན་པའི་ངང་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་འདེབས་གསོ་ཁྱབ་གདལ་དུ་གཏོང་བ། འབྲུ་རིགས་འདེབས་པའི་ཕན་འབྲས་ཇེ་ཆེར་བཏང་ནས། “རྒྱལ་ཁབ་ཀྱི་འབྲུ་རིགས་འཕར་སྣོན་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་”འགན་ལེན་ཏན་ཏིག་བྱེད་དགོས་པར་འདོད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད་སྲིད་གྲོས་ཨུ་ཡོན་དང་གྲོས་མོལ་བརྗེ་རེས་བྱས།

ཤ་བོ་གསེར་མཚོས་བསྒྱུར།