ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས།
2024.04.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཟླ4པའི་ཚེས12ཉིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་དང་། ཞིན་ཅང་དང་ནང་སོག ཀོང་ཞི་བཅས་སུ་རྟོག་ཞིབ་མཛད་སྐབས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་དགུ་པ། རིག་གནས་རྒྱུད་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།  ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལས་ཁུངས་ཀྱི་འགན་འཁྲི་དང་བྱ་བའི་ལམ་ལུགས་ལ་གསལ་བཤད་བྱས་ཤིང་། ལས་འགན་གཙོ་བོ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་འགོ་འཛིན་བྱས།

གྲོས་ཚོགས་སྟེང་བསྟན་དོན།  མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལམ་ལུགས་ནི་སྤྱོད་གོ་ཆོད་ཅིང་མི་རིགས་བྱ་བར་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་ཞིག་ཡིན། ལོ་མང་པོའི་རིང་། ཨུ་ཡོན་ལས་ཁུངས་སོ་སོས་མི་རིགས་མང་པོའི་ཞིང་ཆེན་གྱི་གནས་ཚུལ་རྒྱུས་ལོན་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་དང་། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱེད་ནུས་གལ་ཆེན་འདོན་སྤེལ་དང་བྱས་རྗེས་རླབས་ཆེན་བཞག་ཡོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཨུ་ཡོན་ལས་ཁུངས་སོ་སོས་མཚོ་སྔོན་ནས་མི་རིགས་བྱ་བ་མ་སྒྲུབ་ན་ཁྱོན་ཡོངས་ཀྱི་བྱ་བ་སྒྲུབ་ཐབས་མེད་པའི་མངག་བཅོལ་ཡིད་ལ་བཟུང་སྟེ། ཨུ་ཡོན་ལས་ཁུངས་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཨུ་ཡོན་ལས་ཁུངས་ཀྱི་ཁྱབ་ཁོངས་སོ་སོ་ནས་མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ནས། ལག་བསྟར་དོན་འཁྱོལ་ཇི་མ་ཇི་བཞིན་དུ་དམ་འཛིན་ལེགས་པོ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་ཁུངས་ཀྱིས་འགོ་ཁྲིད་དེ་ཨུ་ཡོན་ལམ་ལུགས་ཀྱི་དགེ་མཚན་དོན་འཁྱོལ་བཟང་པོ་དང་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཨུ་ཡོན་ལས་ཁུངས་སོ་སོས་དམིགས་ཚད་ལ་དམིགས་པ་དང་། མཉམ་འབྲེལ་རྟོག་ཞིབ། མཉམ་འབྲེལ་འགག་སྒྲོལ། སྟོབས་ཤུགས་གཅིག་བསྡུས་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་སྤྱི་ཚོགས་ཡོངས་ཀྱི་ཁྱབ་ཁོངས་སོ་སོར་ཁེབས་པར་སྐུལ་འདེད་གཏོང་དགོས་ཤིང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་མྱོང་བཞིའི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མོས་མཐུན་ལྔར་ཤུགས་སྣོན་པར་ཁྲིད་སྟོན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་པར་མི་སེམས་གཅིག་འདུས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།