མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱས།
2024.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་སུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་བར་སྐུལ་སློང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་བའི་སྐོར་གྱི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་རེ་བ་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་མེ་ཕེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། རྒྱུན་མཐུད་ངང་ཤུགས་བཏོན་ནས་ཧམ་ཟ་རུལ་སུངས་ལ་ཆད་གཅོད་ནན་མོ་བྱེད་པ་དང་། གཞི་རིམ་གྱི་སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཏིང་ཟབ་ཏུ་སྤེལ་ནས། མང་ཚོགས་ཀྱི་ཐོབ་ཚོར་ཇེ་མཐོར་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་རྒྱུ་དེ། ཏང་གཤིས་ཏང་སྲོལ་དང་དམངས་སེམས་འདོད་བློར་འབྲེལ་བ་ཡོད་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བྱེད་ཐབས་བཟང་བོ་སྤྱད་དེ་མྱུར་དུ་འགུལ་སྐྱོད་བྱེད་པ་དང་། ཁུངས་སྣེའི་འགོ་ཁུངས་རྒྱ་བསྐྱེད་པ། གྱོད་གཞི་སྒྲུབ་པར་སྐུལ་འདེད་གཏོང་བ། སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཉིས་མཉམ་དུ་དམ་འཛིན་བྱེད་པ། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ། གཅིག་བསྡུས་བཅོས་སྐྱོང་གི་རྒོལ་ཤུགས་ཆེན་པོ་གྲུབ་པར་བྱེད་པ། གཅིག་བསྡུས་བཅོས་སྐྱོང་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།