ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ཡུལ་དངོས་ལྟ་སྦྱོང་བཞུགས་མོལ་ཚོགས་འདུ་བསྡུས།
2024.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཡུལ་དངོས་ལྟ་སྦྱོང་དང་བཞུགས་མོལ་ཚོགས་འདུ་ཟླ4པའི་ཚེས12ཉིན་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་སྐྱེད་ནུས་ཤུགས་གསར་མའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསམ་བློ་གཅིག་གྱུར་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ངར་ཤུགས་ཆེར་བསྐྱེད་པ། མཐོ་སྒོང་གི་ཐོན་ཁུངས་ནུས་ཁུངས་ལ་རྐང་འཛུགས་པ། སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་བསྐྲུན་ནས། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།

ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་དཔའ་སྐྱེད་མདུན་སྐྱོད་བྱས་པས། མཚོ་སྔོན་ལོ་རྒྱུས་སྟེང་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་ལ་རྒྱུས་ལོན་ཟབ་མོ་དང་ལག་བསྟར་བཟང་བོ་བྱེད་པ་དང་། སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལག་བསྟར་དང་སྐུལ་སྤེལ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འགུལ་སྐྱོད་དངོས་ཡིན། ད་ལོ་ནི་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་འགོ་རྩོམ་པའི་ལོ་ཡིན་པ་དང་། འགོ་ཚུགས་དུས་དེ་སྤྱི་ཡོངས་ལ་འབྲེལ་བ་ཡོད་ཅིང་། འགོ་ཚུགས་དུས་ཀྱིས་རྗེས་ཤུགས་ཐག་གཅོད་བྱེད་པ་ཡིན་པས། ངེས་པར་དུ་ལམ་ཡང་དག་ཡིན་ན་ལམ་ཐག་རིང་བར་སྐྲག་མི་དགོས་པའི་ཡིད་ཆེས་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་རེ་བ་ལྟར། མཉམ་དུ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གནད་འགག་གཡུལ་འགྱེད་ལ་རྒྱལ་ཁ་ལེན་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་ལ་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས། ལྗང་མདོག་གློག་ཤུགས་འཛོམས་པ་དང་མ་རྩའི་དགེ་མཚན་མངོན་གསལ་ཡིན་ལ། འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེ་བ་སོགས་ཀྱི་མཐུན་རྐྱེན་ལྡན། ལྗང་མདོག་རྩིས་ནུས་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་ན། ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མཚོ་སྔོན་གྱི་མདུན་དུ་ལྷགས་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་སྔར་ལས་བཟང་བོ་བྱེད་པའི་གདམ་གསེས་གལ་ཆེན་ཡིན་པ། མཚོ་སྔོན་གྱི་ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་ཤུགས་འདོན་ས་ཡིན་པ། མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ཀྱི་འཕར་སྣོན་སྣེ་གལ་ཆེན་ཡིན་པ་བཅས་ལ་རྒྱུས་ལོན་སྔར་ལས་ཟབ་མོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ལྗང་མདོག་གློག་ཤུགས་དེ་ལྗང་མདོག་རྩིས་ནུས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། མིག་སྔའི་གོ་སྐབས་ཆེན་པོ་དམ་འཛིན་བྱེད་པ་དང་། རྩིས་ནུས་དམ་འཛིན་བྱས་ནས་སྐོར་ཐེངས་གསར་བའི་འཚར་ལོངས་འཁོར་ཡུན་བཀོད་སྒྲིག་བྱེད་པ་དང་། འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་དུས་རབས་ཀྱི་རེ་བ་དང་བསྟུན་པ། རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་འདུ་ཚོགས་འཛུགས་པར་སྐུལ་འདེད་གཏོང་དགོས། སྣེ་ཁྲིད་རང་བཞིན་གྱི་ལས་གཞི་སྐོར་ཞིག་ལག་བསྟར་བྱེད་པ་དང་། ཧུར་ཐག་གིས་དགེ་སྤེལ་སྐྱོན་བསྲང་དང་དགེ་མཚན་འདོན་སྤེལ་བྱེད་པ། ཕུལ་དུ་བྱུང་བའི་ཆེད་ལས་འཇོན་མི་ནང་འདྲེན་དང་སྐྱེད་སྲིང་བྱེད་པ། ཐོན་ལས་འདུ་ཚོགས་ཀྱི་ཕན་ནུས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ། ཐོན་ལས་ཀྱི་འགྲན་རྩོད་ནུས་པ་དང་ཤན་ཤུགས་སྔར་ལས་མཐོར་འདེགས་སུ་གཏོང་དགོས། ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་བའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོ་ལྷག་པར་དུ་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་རང་འགུལ་གྱིས་འབད་འཐབ་བྱེད་པ་དང་དཀའ་ངལ་ཁྱད་སེལ་བྱེད་པ། མཐོ་རིམ་སློབ་གླིང་དང་ཚན་རིག་ཞིབ་འཇུག་གླིང་། ཁེ་ལས་བཅས་ཀྱིས་རང་འགན་རང་ཁུར་བྱེད་པ་དང་མཉམ་དུ་ཤུགས་བཏོན་ནས། མཉམ་ལས་བཟང་བོ་བྱས་ནས་ལྗང་མདོག་རྩིས་ནུས་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཤར་གྲངས་ནུབ་རྩིས་བྱེད་པར་དོ་སྣང་བྱེད་པ་མ་ཟད། ནུབ་གྲངས་ནུབ་རྩིས་བྱེད་པར་ཡང་མཐོང་ཆེན་བྱེད་པ་དང་། འབྲེལ་ཡོད་བསྡོམས་རྩིས་ཀྱི་ཞིབ་འཇུག་དབྱེ་ཞིབ་ལ་ཤུགས་སྣོན་པ། ལྗང་མདོག་རྩིས་ནུས་ཀྱི་ཚད་གཞི་མ་ལག་གཏན་འབེབས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། ལྗང་མདོག་དངུལ་རྩར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ལྗང་མདོག་རྩིས་ནུས་ལ་བརྟེན་ནས་འགྲན་རྩོད་ཀྱི་དགེ་མཚན་གསར་བ་བརྩོན་ལེན་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས།

ཝུའུ་ཞའོ་ཅུན་གྱིས་མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་ལྗང་མདོག་གི་མ་འོངས་པ་འཕེལ་རྒྱས་སུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་དམིགས་ནས་ཟུར་ཁྲིད་སྙན་ཞུ་ཕུལ་བ་དང་། ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་བའི་གོ་དོན་གཙོ་བོ་དང་དོན་སྙིང་གཙོ་བོ། སྤྱིའི་དམིགས་འབེན། ལས་འགན་གཙོ་བོ། བྱ་བའི་རེ་བར་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས། ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་དང་། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་བསྒྱུར་བའི་བྲེལ་མྱུར་གྱི་དགོས་མཁོ། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གལ་ཆེན། མི་དམངས་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་ཇེ་མཐོར་གཏོང་བའི་ལུགས་མཐུན་བྱ་སྤྱོད་བཅས་ཡིན་པས། ལྗང་མདོག་རྩིས་ནུས་ཐོན་ལས་གསར་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་ཁོང་དུ་ཆུད་པར་བྱེད་པ་དང་། རང་ཞིང་གི་ནུས་ཁུངས་ཧ་ཅང་འཛོམས་པ་དང་གློག་རིན་ཧ་ཅང་དམའ་བ། ལྗང་གློག་ཧ་ཅང་བཟང་བ། ནམ་ཟླ་ཧ་ཅང་བཟང་བ། ནུས་ཟད་ཧ་ཅང་དམའ་བ། ཕན་འབྲས་ཧ་ཅང་མཐོ་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་ཁྲོད་འདྲེས་པར་བྱེད་པ། ནུབ་རྒྱུད་ལ་རྐང་འཛུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལྗང་མདོག་རྩིས་ནུས་ཀྱི་རྟེན་གཞི་གསར་སྐྲུན་བྱེད་པ། ལྗང་གློག་ལྗང་རྩིས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བ་དང་ལྗང་མདོག་རྩིས་ནུས་མཁོ་འདོན། ཐཱན་གཉིས་ཀྱི་རིན་ཐང་མངོན་འགྱུར་བྱེད་པ། ལྗང་མདོག་རྩིས་ནུས་ཀྱི་ཚད་གཞི་མ་ལག་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་ནུས་ཀྱི་ཁྱད་ལྡན་བེད་སྤྱོད་ནུས་འདོན་བཅས་ཀྱི་སྟེང་ནས་འགག་སྒྲོལ་བྱེད་དགོས། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་སྐྱེ་ཁམས་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་ནས། སྣེ་ཁྲིད་ཁེ་ལས་སྐོར་ཞིག་ནང་འགུག་བྱེད་པ་དང་ལས་གཞི་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་བྱེད་པ། དཔེ་གཟུགས་ཆེན་པོ་སྐོར་ཞིག་ལག་བསྟར་བྱེད་པ། འཐབ་ཇུས་མཉམ་ལས་སྐོར་ཞིག་དོན་འཁྱོལ་བྱེད་པ། ཐོན་ལས་གཙོ་བོ་སྐོར་ཞིག་སྐྱེད་སྲིང་བྱེད་པ། ཁྱད་ལྡན་བེད་སྤྱོད་ཀྱི་ཡུལ་གནས་སྐོར་ཞིག་གསར་སྐྲུན་བྱེད་དགོས། ལྗང་གློག་ལྗང་རྩིས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཁོག་གི་ལྗང་གློག་མཁོ་འདོན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ལྗང་གློག་མཁོ་འདོན་གྱི་རྣམ་པ་འཚོལ་ཞིབ་དང་གསར་སྐྲུན་བྱས་ཏེ། ལྗང་གློག་གི་རིན་ཐང་སྔོག་འདོན་བཟང་བོ་བྱེད་དགོས། ལྗང་མདོག་རྩིས་ནུས་ཀྱི་ལག་རྩལ་གསར་གཏོད་ལ་ཤུགས་སྣོན་པ་དང་། སྟེགས་བུ་འཛུགས་སྐྲུན་བྱེད་པ་དང་ཀུན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། འགག་གཏོར་ལ་ཤུགས་སྣོན་པ། ཤེས་ལྡན་མི་སྣ་ནང་འདྲེན་དང་སྐྱེད་སྲིང་བྱེད་པ། ཚད་གཞི་འཐུས་ཚང་དུ་གཏོང་དགོས། ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་བའི་བདེ་འཇགས་ཀྱི་འགོག་མཚམས་ཇེ་བརྟན་དུ་གཏོང་བ་དང་། གཞི་གཅིག་ཅན་གྱི་བདེ་འཇགས་འགན་སྲུང་མ་ལག་བཙུགས་ནས། གཞི་གྲངས་མཁོ་འདོན་དང་བརྒྱུད་སྐྱེལ། བཀོལ་སྤྱོད་བྱེད་པའི་བདེ་འཇགས་བློས་ཐུབ་དང་ཕན་ལྡན་སྟབས་བདེ་ལ་ཁག་ཐེག་བྱེད་དགོས། ལྗང་མདོག་རྩིས་ནུས་ཐོན་ལས་གསར་སྐྲུན་བྱེད་པའི་བྱ་བའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། རྒྱབ་སྐྱོར་གྱི་སྲིད་ཇུས་ལེགས་སྒྱུར་བྱེད་པ། གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་གཏིང་ཟབ་ཏུ་སྤེལ་བ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ། ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བ། དྲིལ་སྒྲོག་བརྗེ་རེས་ཆེར་བསྐྱེད་པ། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་ལ་བརྟེན་ནས་མ་འོངས་གསར་བར་འཆར་འགོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་དགོས།

ཚོགས་ཐོག་ཏུ། ཞིང་ཆེན་གཞི་གྲངས་ཅུའུ་ཡིས་མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ཡར་ཞུ་བྱས་པ་དང་། མཚོ་སྔོན་སློབ་ཆེན་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི། ཀྲུང་གོ་དབྱི་ཏུང་མཚོ་སྔོན་ཡན་ལག་ཀུང་ཟི། ཐེན་ཧི་ཉི་འོད་ནུས་པའི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད། ཀྲུང་གོ་ལེན་ཐུང་མཚོ་སྔོན་ཡན་ལག་ཀུང་ཟི་དང་ཀྲུང་གོ་འཕྲིན་གཏོང་མཚོ་སྔོན་ཡན་ལག་ཀུང་ཟི་བཅས་ཀྱིས་ཡིག་ཐོག་བརྗེ་རེས་བྱས།

ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། ཆུའུ་བཅས་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིས་མེན་དང་ཝང་ཝེ་ཏུང་། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ལོའུ་ཀང་། ལིའུ་ཐའོ། ཀྲང་ཞའོ་རུང་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྔོན་དུ། ཚོགས་འདུར་ཞུགས་པའི་འབྲེལ་ཡོད་བློ་མཐུན་ཀྲུང་གོ་ལེན་ཐུང་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་གཞི་གྲངས་ཆེན་པོའི་ལྟེ་གནས་དང་ཀྲུང་གོའི་འཕྲིན་གཏོང་རྒྱལ་ཁབ་གྲངས་ཀའི་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་པོའི་ལྟེ་གནས། ཀྲུང་གོ་དབྱི་ཏུང་མཚོ་སྔོན་མཐོ་སྒང་གི་གཞི་གྲངས་ཆེན་པོའི་ལྟེ་གནས་བཅས་ཀྱིས་ཡུལ་དངོས་ནས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་སྦྱོང་བྱས།

རིན་ཆེན་མཚོས་བསྒྱུར།