ལིས་ཆང་གིས་སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏའོ་ཅི་ལ་མཇལ་འཕྲད་གནང་།
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ4པའི་ཚེས12ཉིན་གྱི་སྔ་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏའོ་ཅི་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་སུའུ་རི་ནམ་བར་འབྲེལ་བ་བཙུགས་ནས་ལོ40ལྷག་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་བྱུང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འཆར་འགོད་སྔར་ལས་གང་ལེགས་གནང་། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ། འཐབ་ཇུས་ངོས་ཀྱི་ཕན་ཚུན་ཡིད་ཆེས་ཟབ་སྤེལ་བྱེད་པ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་གང་མང་སྟེར་འདོད་ཡོད་ཅེས་གསུངས།

ཧྲན་ཏའོ་ཅི་ཡིས་སུའུ་རི་ནམ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། སུའུ་རི་ནམ་ཕྱོགས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པ་དོན་འཁྱོལ་བྱེད་རྒྱུ་དང་། ཕྱོགས་མང་རིང་ལུགས་བརྟན་སྲུང་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཏུ། ཞིང་ལས་དང་དཔལ་འབྱོར་ཚོང་དོན། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྨན་བཅོས། སློབ་གསོ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཏང་གཉིས་བར་གྱི་བརྗེ་རེས་ཟབ་སྤེལ་བྱེད་པ། མཉམ་དུ་ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྔར་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།