ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དུས་རབས་གསར་པའི་ནང་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་ངང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་པ་དང་། ཁེ་ལས་ཀྱི་རྩིས་དངུལ་དུས་འགྱངས་གནད་དོན་ཐག་གཅོད་བྱེད་པའི་ཡུན་ཕན་ལམ་སྲོལ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་ལ་ཞིབ་འཇུག་བྱས་ལ། ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་ལས་དོན་སྐོར་གྱི་སྙན་ཞུར་ཉན་པར་མ་ཟད། གློག་སྒུལ་ལྕགས་རྟའི་བདེ་འཇགས་འགལ་རྐྱེན་གྱི་འབྲེལ་ཐག་ཧྲིལ་པོའི་བཅོས་སྒྲིག་ལས་དོན་ལ་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ནང་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ལས་འགན་གལ་ཆེན་དང་བཅོས་སྒྱུར་དོན་ཚན་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་སྤེལ་ཡོང་བར་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ། བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། སྔར་ལས་དངོས་གཉེར་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། དབུས་རྒྱུད་ས་ཁུལ་གྱི་ས་ཁོངས་དགེ་མཚན་དང་ཐོན་ཁུངས་དགེ་མཚན་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་རྒྱུར་རྒྱབ་སྐྱོར་བྱས་ནས། སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་འགྲན་རྩོད་ནུས་པ་ཟམ་མ་ཆད་པའི་སྒོ་ནས་ཇེ་ཆེར་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། ཁེ་ལས་ཀྱི་རྩིས་དངུལ་དུས་འགྱངས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། དཔལ་འབྱོར་འཕར་ནས་ཁྱོན་ཡོངས་ཇེ་ལེགས་སུ་གཏོང་བ་དང་འབྲེལ་བ་ཡོད་ལ། སྲིད་གཞུང་གི་སྣང་བརྙན་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་འབྲེལ་བ་དམ་ཟབ་ཡོད། སྤུས་ཚད་མཐོ་བའི་ཆད་དངུལ་གཙང་སྤྲོད་ཀྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་། མིག་སྔའི་ཆད་དངུལ་གཙང་སྤྲོད་ཀྱི་གསོག་ཚད་ཐག་གཅོད་བྱེད་དགོས་ལ། ནུས་ཤུགས་ཡོད་རྒུས་ཡུན་ཕན་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། “ཆད་དངུལ་གཙང་སྤྲོད་བྱེད་ཞོར་དུ་དུས་འགྱངས་བྱེད་པ”དང“ཆད་དངུལ་གཙང་སྤྲོད་བྱས་རྗེས་ཡང་བསྐྱར་མ་དངུལ་འགོར་འགྱངས་དང་ཆད་འཇོག་བྱེད་པའི”གནས་སྟངས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། སྲིད་གཞུང་གིས་ཁེ་ལས་ཀྱི་རྩིས་དངུལ་དུས་འགྱངས་བྱེད་པའི་གནད་དོན་དང་ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་ཆུང་འབྲིང་ལ་རྩིས་དངུལ་དུས་འགྱངས་བྱེད་པའི་གནད་དོན་ལ་དམ་པོར་དམིགས་ཏེ། དུས་འགྱངས་བྱེད་མཁན་གྱི་སྒྲིག་འགལ་གྱི་རིན་དོད་སྔར་ལས་ཇེ་ཆེར་གཏོང་བ་དང་། དུས་འགྱངས་ཐེབས་པའི་ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱི་མ་རྩ་སྔར་ལས་ཇེ་དམའ་རུ་གཏོང་བ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་བཟོ་སྐྲུན་རིན་གོང་བསྡོམས་འབོར། ཚོང་ལས་དངུལ་འཛིན་དོ་དམ་སོགས་ལམ་ལུགས་ཀྱི་གཏན་འབེབས་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཡུན་ཕན་ལམ་སྲོལ་གང་མགྱོགས་ངང་འཁོར་སྐྱོད་བྱེད་དུ་འཇུག་དགོས།

གྲོས་ཚོགས་ལས་གྲོས་ཞིབ་བྱས་པ་བརྒྱུད། 《2024ལོ་ནས2025ལོ་བར་གྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད་ཇུས་གཞི》དང་། 《ཐཱན་ཕྱིར་གཏོང་ཚོད་འཛིན་གྱི་མ་ལག་མགྱོགས་མྱུར་ངང་འཛུགས་པའི་ལས་དོན་ཇུས་གཞི》ལ་གྲོས་འཆམ་བྱུང་། གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་དང་། ནུས་ལྡན་གྱི་དངུལ་གཏོང་རྒྱ་སྐྱེད་གཏོང་བ། ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པ། སྒྲིག་ཆས་གསར་སྒྱུར་བྱེད་པ། འཛད་སྤྱོད་དངོས་རྫས་རྙིང་འདོར་གསར་བརྗེ་བྱེད་པ་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཛད་སྤྱོད་བྱེད་སྟངས་དར་སྤེལ་བཏང་ནས། ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་སྔར་ལས་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་ལ་རྐང་བཙུགས་ནས། སྔོན་འཛུགས་རྗེས་གཏོར་རྒྱུན་འཁྱོངས་བྱས་ཏེ། བྱ་བ་སྒྲུབ་ཤུགས་དང་འཕེལ་སྟངས་བརྟན་པོའི་ངང་ཁོང་དུ་ཆུད་པར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་ཁུངས་དགོས་མཁོར་འགན་ལེན་གང་ལེགས་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། གློག་སྒུལ་ལྕགས་རྟས་བཟོས་པའི་མེ་སྐྱོན་དོན་རྐྱེན་སྔར་ལས་ཇེ་མང་དུ་སོང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད་པའི་དབང་གིས། ངེས་པར་དུ་བློ་ཐག་རྦད་ཆོད་སྒོས་བཅོས་སྒྲིག་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་དང་མཉམ་ལས་དམ་ཟབ་བྱས་ཏེ། ཉེན་ཁ་མགྱོགས་མྱུར་ངང་སེལ་བ་དང་དོན་རྐྱེན་དེའི་རིགས་འཕར་ཚད་ཀྱི་ཉེན་ཁར་བཀག་འགོག་ནན་མོ་བྱེད་དགོས། མ་ལག་བཅོས་སྐྱོང་ལ་མཐོང་ཆེན་བྱས་ཏེ། ཚད་གཞིའི་སྣེ་ཁྲིད་དང་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ལ་ཤུགསབསྣན་ནས། གློག་སྒུལ་ལྕགས་རྟ་ཐོན་སྐྱེད་དང་ཕྱིར་འཚོང་། བེད་སྤྱོད། འཇོག་པ། གློག་གསོག་པ། བེད་མེད་ཚུར་བསྡུ་སོགས་ལྷུ་ཚིགས་སོ་སོའི་བདེ་འཇགས་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས། འགག་སེལ་ཟུང་འབྲེལ་ལ་མཐོང་ཆེན་དང་། མ་ལག་ཚང་བའི་ཞབས་ཞུ་དང་རྒྱབ་སྐྱོར་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ། གློག་གསོག་སྒྲིག་ཆས་འཛུགས་སྐྲུན་དང་གློག་རྫས་རྙིང་པ་གསར་སྒྱུར་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཆེན་པོ་བཏང་ནས། བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་པ་དང་མཉམ་དུ། མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་སྔར་ལས་སྐོང་ཅི་ཐུབ་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།