ཞི་ཅིན་ཕིང་གིས་སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏའོ་ཅི་དང་གྲོས་མོལ་གནང་།
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏའོ་ཅི་དང་གྲོས་མོལ་གནང་།

ཟླ4པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏའོ་ཅི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གྱིས་ཧྲན་ཏའོ་ཅི་བཟའ་ཟླ་གཉིས་དང་མཉམ་དུ་འདྲ་པར་བསྐྱོན་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་སུའུ་རི་ནམ་བར་དུ་མཛའ་མཐུན་གྱི་ལོ་རྒྱུས་རིང་བོ་ལྡན་ལ། དུས་ཡུན་རིང་བོའི་ལོ་རྒྱུས་ཁྲོད་མཛའ་མཐུན་འབྲེལ་བ་སྔར་ལས་སྲ་བརྟན་དུ་སོང་ཡོད། སུའུ་རི་ནམ་ནི་ཀྲུང་གོ་གསར་པའི་བར་འབྲེལ་བ་བཙུགས་པ་དང་། ཀྲུང་གོའི་བར་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ། ཀྲུང་གོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་ལས་འཆར་འགོད་བཀོད་པ་བཅས་ཀྱི་ཅ་ལི་པིས་ཀྱི་རྒྱལ་ཁབ་ཐོག་མའི་གྲས་ཡིན། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བར་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་གྱིན་ཡོད་པས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་པ། མི་གཞུང་རིག་གནས་བརྗེ་རེས་བྱེད་རྒྱ་ཇེ་ཆེར་གཏོང་བ། རྒྱལ་སྤྱིའི་མཉམ་ལས་དམ་ཟབ་བཅས་བྱས་ནས། ཀྲུང་གོ་དང་སུའུ་རི་ནམ་བར་དུ་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྔར་ལས་དམ་ཟབ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་སུའུ་རི་ནམ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་མཛའ་བརྩེ་ཟབ་མོ་བཅངས་ཡོད་པ་དང་། ཀྲུང་གོའི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཀྲུང་གོར་རྒྱབ་སྐྱོར་བརྟན་པོ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྟོད་བསྔགས་ཆེན་པོ་བྱས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་སུའུ་རི་ནམ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། རང་བདག་སྒོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འདེམས་རྒྱུར་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་བར་དུ་མུ་མཐུད་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ནས། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་། སྡེ་ཁག་སོ་སོ་དང་ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་བཅས་བར་གྱི་མཛའ་མཐུན་འགྲོ་འོང་སྔར་ལས་ཟབ་སྤེལ་བྱེད་པ། རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་གྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་སྔར་ལས་གང་མང་ཀྲུང་གོའི་ཁྲོམ་རར་འདྲེན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། སུའུ་རི་ནམ་ཕྱོགས་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”མཉམ་ལས་ཟབ་སྤེལ་བྱེད་རྒྱུ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ། ཚོང་དོན་དང་དངུལ་གཏོང་། ཞིང་ལས། ནུས་ཁུངས། གཏེར་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཇེ་ཆེར་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ངོ་མ་ཐོབ་པར་འབད་རྒྱུ་ཡིན། སུའུ་རི་ནམ་ནི་ཅ་ལི་པིས་ས་ཁུལ་གྱི་ཀྲུང་གོའི་ཕྱིར་སྡོད་རང་མི་མང་བོ་འཚོ་སྡོད་བྱེད་སའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ། ཀྲུང་གོའི་ལུགས་རྙིང་ལོ་སར་དེ་ཁྲིམས་བཅད་གུང་གསེང་དུ་བརྩིས་པའི་སའི་གོ་ལའི་ཕྱེད་ནུབ་མའི་རྒྱལ་ཁབ་ཐོག་མའང་ཡིན། ཕྱོགས་གཉིས་ཀས་མི་གཞུང་རིག་གནས་བརྗེ་རེས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ནས། ཁུང་ཙི་སློབ་གླིང་མཉམ་དུ་འཛུགས་སྐྲུན་ཡག་པོ་བྱེད་དགོས། ས་གནས་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀའི་བརྗེ་རེས་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་སོགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ། ཕྱོགས་མང་མཐུན་སྦྱོར་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱུ་དང་། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བཅས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅ་ལི་པིས་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཅ་ལི་པིས་རྒྱལ་ཁབ་ཀྱིས་དར་རྒྱས་གོང་འཕེལ་དོན་གཉེར་དང་མང་ཚོགས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པར་མ་ཟད། ས་ཁུལ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་ནུས་པ་གང་ཡོད་བཏོན་ནས་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས།

ཧྲན་ཏའོ་ཅི་ཡིས་སུའུ་རི་ནམ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ48འཁོར་བའི་རིང་ལ། སུའུ་རི་ནམ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ཏེ། ཀྲུང་གོའི་རྒྱལ་ཁབ་གཅིག་གྱུར་ཡོང་བར་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀའི་སྲིད་ཏང་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་དང་། དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ལྗང་མདོག་འཕེལ་རྒྱས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་སོ་སོའིམཉམ་ལས་ཁྱབ་རྒྱ་ཇེ་ཆེར་གཏོང་བ། སུའུ་རི་ནམ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྔར་ལས་ཟབ་སྤེལ་ཡོང་བར་རེ་ལྟོས་བྱེད་ཀྱིན་ཡོད། སུའུ་རི་ནམ་ཕྱོགས་ཀྱིས་ཅ་ལི་པིས་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་འབུངས་བྱེད་འདོད་ཡོད་ཅེས་བསྟན།

གྲོས་མོལ་བྱས་ཚར་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ལྗང་མདོག་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་མཉམ་དུ་བདེན་དཔང་གནང་།

ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའུ་རི་ནམ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསར་འགྱུར་སྤྱི་བསྒྲགས》སྤེལ།

གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ། ཧྲན་ཏའོ་ཅི་དང་ལྕམ་མོ་མེ་ལིས་སཱ་ལ་སྣེ་ལེན་མཛད་སྒོ་བསྡུས།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། ཧྲན་ཏའོ་ཅི་བཟའ་ཟླ་གཉིས་ལ་སྣེ་ལེན་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།