ཧི་ལིས་ཧྥིན་གྱིས་ཀྲིན་ཀྲིག་ཏུ་ས་ཁང་བདག་ཁོངས་ལས་དོན་ལ་རྟོག་ཞིབ་བྱས།
2024.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་གྱིས་ཚེས13ནས་ཚེས14ཉིན་བར་ཀྲིན་ཀྲིག་ཏུ་ས་ཁང་བདག་ཁོངས་ལས་དོན་ལ་རྟོག་ཞིབ་བྱས་པར་མ་ཟད་འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས། ཧི་ལིས་ཧྥིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ས་ཁང་བདག་ཁོངས་ལས་དོན་ཡག་པོར་བསྒྲུབ་རྒྱུའི་གལ་ཆེན་རང་བཞིན་ལ་སྔར་ལས་ངོས་འཛིན་བྱས་ནས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་གང་མགྱོགས་ཀྱིས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་ཐུབ་པར་བྱས་ཏེ“མིང་ཐོ་དཀར་པོའི”བླང་བྱ་དང་མཐུན་པའི་ལུགས་མཐུན་ས་ཁང་བདག་ཁོངས་རྣམ་གྲངས་ལ་མ་དངུལ་གྱིས་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། “དངུལ་བུན་གཏོང་དགོས་པའི”རྣམ་གྲངས་དུས་ཐོག་ཏུ་ལེགས་འགྲུབ་དང་རྩིས་སྤྲོད་འགན་ལེན་བྱས་ཏེ་ཁང་པ་ཉོ་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་དང་སྔོན་དཔག་བརྟན་པོ་ཡོང་བར་བྱས་ནས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཧི་ལིས་ཧྥིན་སྔ་རྗེས་སུ་ཀྲིན་ཀྲིག་གྲོང་ཁྱེར་ཅིན་ཧྲུའེ་ཆུས་དང་ཧུའེ་ཅི་ཆུས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་ས་ཁང་བདག་ཁོངས་ཀྱི་རྣམ་གྲངས་མང་པོའི་ཡུལ་དངོས་སུ་སོང་ནས་རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་གྱི་མྱུར་ཚད་ལ་དུས་ཐོག་ཏུ་ལྟ་ཞིབ་བྱས་པ་དང་། རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་འཕེལ་རིམ། རྣམ་གྲངས་ལས་ཁུངས་དང་ས་གནས་ཀྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་སྡེ་ཁག དངུལ་རྩའི་སྒྲིག་གཞིའི་འགན་འཁུར་བ་བཅས་དང་གླེང་མོལ་གཏིང་ཟབ་བྱས་ནས་ཚོང་ཟོག་སྡོད་ཁང་འཛུགས་སྐྲུན་དང་མ་དངུལ་བསྡུ་རྒྱུ། ཕྱིར་ཚོང་བཅས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་ཐག་གཅོད་བྱེད་དགོས་པའི་ཐུན་མོང་གི་གནད་དོན་ལ་རྟོག་ཞིབ་བྱས། དེའི་རྗེས་སུ་ས་གནས་དེ་གའི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་འཁོར་སྐྱོད་གནས་ཚུལ་དང་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་རྩིས་སྤྲོད་འགན་ལེན་ལས་དོན་གྱི་གནས་ཚུལ་སྙན་ཞུར་ཉན་ནས་ས་ཁང་བདག་ཁོངས་ལས་དོན་སྔར་ལས་ཡག་པོ་བསྒྲུབ་རྒྱུར་ཞིབ་ཕྲའི་བླང་བྱ་བཏོན།

ཧི་ལིས་ཧྥིན་གྱིས་བསྟན་དོན། རང་རྒྱལ་གྱི་ས་ཁང་བདག་ཁོངས་ཁྲོམ་རའི་མཁོ་སྤྲོད་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས་ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བཏོད་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་།  གྲོང་ཁྱེར་ནང་གི་གྲོང་ཚོ་སྒྱུར་བཀོད།“འཕྲལ་རྒྱུན་གཉིས་སྤྱོད”ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི“ལས་གྲྭ་ཆེན་པོ་གསུམ”འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ། གྲོང་ཁྱེར་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་དོན་འཁྱོལ་བྱེད་པའི་འགོག་རྐྱེན་ཐག་གཅོད་དམ་འཛིན་བྱས་ནས་འཛུགས་སྐྲུན་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ། རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་འགན་ལེན་བཅས་བྱས་ཏེ་འཛུགས་སྐྲུན་སྤུས་ཚད་དུས་ཐོག་ཏུ་རྩིས་སྤྲོད་འགན་ལེན་བྱེད་དགོས། ལུགས་མཐུན་ས་ཁང་བདག་ཁོངས་རྣམ་གྲངས་ཀྱི“མིང་ཐོ་དཀར་པོའི”ལམ་ལུགས་འཐུས་ཚང་དུ་བཏང་ནས“གོང་འཕེལ་གཏོང་ཐུབ་ཚད་གོང་འཕེལ་གཏོང་དགོས”། “མིང་ཐོའི”ནང་བཅུག་པའི་རྣམ་གྲངས་ལ་དངུལ་རྩའི་སྒྲིག་གཞིས་དངུལ་བུན་ཞིབ་མཆན་འགོད་པ་དང་གཏོང་སྤྲོད་བྱེད་པའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ། དངུལ་བུན་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ལེགས་འགྲུབ་ཡོང་བར་རྒྱབ་སྐྱོར་བྱེད་དགོས། གནས་སྐབས“མིང་ཐོ་དཀར་པོའི”བླང་བྱ་དང་མི་མཐུན་པའི་རྣམ་གྲངས་ལ་དམིགས་སའི་རང་བཞིན་ལྡན་པའི་ཐག་གཅོད་ཇུས་གཞི་དམ་འཛིན་བྱེད་དགོས། གསར་སྤེལ་དངུལ་བུན་དང་སྔོན་འཚོང་ཁང་གི་དངུལ་བུན་རྩིས་ཐོའི་དོ་དམ་དང་མ་དངུལ་ལྟ་སྐུལ་དོ་དམ་ཇེ་ལེགས་སུ་བཏང་ནས་བཀག་སྡོམ་འཁོར་སྐྱོད་འགན་ལེན་ཏན་ཏིག་བྱས་ཏེ་སྒྲིག་འགལ་གྱིས་གཞན་སྤྱོད་བྱ་རྒྱུར་སྔོན་འགོག་ནན་མོ་བྱ་དགོས།

ཧི་ལིས་ཧྥིན་གྱིས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དང་ཞིབ་ཕྲ་གཏོང་བར་དམ་འཛིན་བྱས་ནས་མཐུན་སྦྱོར་མཛུབ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། གྲོང་ཁྱེར་སྲིད་གཞུང་གིས་ས་གནས་དེ་གའི་ས་ཁང་བདག་ཁོངས་ཚོང་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་། ས་ཁང་བདག་ཁོངས་སྙོམས་སྒྲིག་གི་རང་བདག་དབང་ཆ་བེད་སྤྱོད་ཡག་པོ་བྱས་ཏེ་ས་གནས་ཡུལ་བབ་དང་བསྟུན་ནས་ས་ཁང་བདག་ཁོངས་ཀྱི་སྲིད་ཇུས་ལེགས་སྒྲིག་བྱེད་དགོས། དངུལ་རྩའི་ལས་ཁུངས་ཀྱིས་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ཏེ་དབང་བའི་ལམ་ལུགས་མི་འདྲ་བའི་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ལུགས་མཐུན་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ལ་ལྟ་སྟངས་གཅིག་མཚུངས་འཛིན་དགོས། ས་ཁང་བདག་ཁོངས་ཁེ་ལས་ཀྱིས་ཉེན་ཁ་སྔོན་འགོག་དང་རྩིས་སྤྲོད་འགན་ལེན་གྱི་འགན་འཁྲི་སྒྲུབ་པ་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་གཏོང་སྟངས་ཀྱི་རྣམ་པ་གསར་སྒྱུར་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན།