ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།
2024.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས13ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཆུ་ཚད་སྔར་ལས་མཐོན་པོས་རྒྱལ་སྤྱིའི་མཚེའུ་དང་བརླན་སའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དཔེ་གཞིའི་ཁུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆའི་དཔེ་སྟོན་ཁུལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ཀྲུང་གོའི་དཔེ་མཚོན་ཁུལ་བཅས་གསར་སྐྲུན་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས། དམངས་ཚིས་འགན་སྲུང་བར་ཕན་ཚུན་སྐུལ་འདེད་དང་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏོང་དགོས།

རིག་སྨོན་གྲོང་རྡལ་རྒྱ་ཡག་སྡེ་བ་རུ། ཝུའུ་ཞའོ་ཅུན་དམངས་ཁྲོད་མགྲོན་ཁང་དུ་སོང་ནས། སྡེ་དམངས་ཚོ་དང་གླེང་མོལ་བྱས་པ་དང་། ཡུལ་དངོས་ནས་ཆ་སྡེབས་སྒྲིག་ཆས་དང་ཐོན་ལས་ཡོང་སྒོ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། སྣེ་ཁྲིད་རྒྱབ་སྐྱོར་དང་ཚད་ལྡན་དོ་དམ་བྱེད་པ་བརྒྱུད་དེ། རྨང་གཞིའི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། བབ་སྡོད་ལས་བརྩོན་གྱི་ཞི་མཛེས་གྲོང་སྡེ་གསར་སྐྲུན་བྱེད་པ། གནས་སྐོར་པའི་མྱོང་ཚོར་དང་ཟབ་ཞུགས་ཚད་མཐོར་འདེགས་གཏོང་བ། ཡུལ་སྐོར་པ་སྔར་ལས་མང་པོ་སྡེ་བ་དང་ཁྱིམ་ཚང་དུ་ཡོང་བར་ནང་འགུག་བྱེད་པ། ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས། སྡེ་དམངས་ཀྱི་ཡོང་སྒོ་རྒྱུན་མ་ཆད་པར་ཇེ་མང་དུ་གཏོང་དགོས། ཡུལ་སྐོར་པའི་ཞབས་ཞུ་ཁུལ་སོགས་ལྗོངས་རྒྱུ་ཁུལ་དུ། ཝུའུ་ཞའོ་ཅུན་གྱིས་ཡུལ་སྐོར་གཞུང་ལམ་འཛུགས་སྐྲུན་དང་ཞབས་ཞུའི་སྒྲིག་ཆས་མཐོར་འདེགས་རིམ་སྤོར་བསྒྱུར་བཀོད། ལྗོངས་རྒྱུ་ཁུལ་གྱི་ཚོང་གཉེར་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས། ལྗོངས་རྒྱུ་ཁུལ་གྱི་འགྲིམ་འགྲུལ་མཐོར་འདེགས་དང་རིག་སྟོབས་ཅན་གྱི་ལྗོངས་རྒྱུ་ཁུལ། ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་ལས་རྣམ་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས། ཡུལ་སྐོར་པའི་འགྲོ་འདུག་སྤྱོད་གསུམ་དང་ཡུལ་སྐོར། ཉོ་ཚོང་། རྩེད་འཇོའི་དགོས་མཁོ་བཟང་བོར་སྐོང་དགོས། ཞིང་བར་མཉམ་འབྲེལ་དང་ཞིང་བར་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མཐའ་སྐོར་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་བར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན། ཝུའུ་ཞའོ་ཅུན་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱེད་སྐབས་རྙེད་པའི་རིག་སྨོན་ཆུ་བོའི་ཆུ་སྤུས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས་པ་དང་། ས་བབ་དང་བསྟུན་ནས་ཆུ་སྤུས་ཚད་བརྒལ་གྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ཇུས་གཞི་གཏན་འབེབས་བྱེད་པ་དང་། རིགས་མི་འདྲ་བའི་བཙོག་བཟོའི་འགོ་ཁུངས་ཀྱི་བཀག་སྡོམ་དང་སྐྱེ་ཁམས་མ་ལག་ལ་ལྟ་ཞིབ་ལྟ་རྟོག་བྱེད་པར་ཤུགས་བསྣན་ནས། དུས་བཀག་ལྟར་སྤུས་ཚད་མཐོན་པོས་དག་ཐེར་ལས་འགན་ཡོངས་འགྲུབ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་དགོས་པའི་རེ་བ་བཏོན།

དེའི་རྗེས་སུ་བསྡུས་པའི་ཆེད་དོན་གྲོས་ཚོགས་སྟེང་། མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཝུའུ་ཞའོ་ཅུན་གྱིས་གོ་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། གོང་རིམ་ཇུས་འགོད་དང་འཆར་འགོད་གྲུབ་ཚུལ་ལ་ཤུགས་སྣོན་པ་དང་། ཆ་སྡེབས་སྲིད་ཇུས་ཀྱི་འཆར་འགོད་འཐུས་ཚང་དུ་བཏང་ནས། སྤྱི་ཁོག་ནས་ཇུས་འགོད་བྱེད་པ་དང་ཕན་ཚུན་སྦྲེལ་མཐུད་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་རིམ་ལྡན་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་བྱ་བ་སྤེལ་བ། ལྟ་ཞིབ་ལྟ་རྟོག་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཆུ་རྩྭའི་ཕྱོགས་བསྡུས་འགོག་བཅོས་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་ཆས་སྤུས་འདེགས་རིམ་སྤོར་བྱེད་པ་དང་། འགྲིམ་འགྲུལ་ཡུལ་སྐོར་དང་མགྲོན་ཁང་ཟ་ཁང་། ཉོ་ཚོང་རྩེད་འཇོ། སྨན་བཅོས་བདེ་ཐང་སོགས་ཀྱི་སྒྲིག་ཆས་དང་ཞབས་ཞུའི་རྒྱུ་རྐྱེན་གཙོ་བོ་མྱུར་དུ་འཐུས་ཚང་དུ་གཏོང་དགོས། ཡུལ་སྐོར་ཞབས་ཞུའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བར་ཤུགས་སྣོན་པ་དང་། ཡུལ་སྐོར་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་ལས་ཞུགས་མི་སྣའི་གསོ་སྦྱོང་དོ་དམ་ལ་ཤུགས་སྣོན་པ། ཡུལ་སྐོར་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཡུལ་སྐོར་ཐད་ཀྱི་སྣང་ཚུལ་མི་ལེགས་པར་མཐའ་གཅིག་ཏུ་འགོག་སྲུང་བྱས་ནས། ཡུལ་སྐོར་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་གོ་སྐབས་དམ་འཛིན་བྱེད་པ། མིག་སྔར་དང་ཡུན་རིང་དང་། འཕེལ་རྒྱས་དང་བདེ་འཇགས། སྤུས་ཚད་དང་ཕན་འབྲས་ལ་གཅིགས་འདོམས་བཟང་བོ་བྱེད་པ། འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་པ། ཁེ་ལས་དང་མང་ཚོགས་ཀྱི་ངར་སེམས་ཆེར་བསྐྱེད་དེ། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་ཡུལ་སྐོར་པ་མང་བའི་དུས་སྐབས་བསུ་བའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། བདེ་འཇགས་དང་རིམ་ལྡན། སྤུས་ཚད། ཕན་འབྲས་བཅས་གཅིག་གྱུར་བྱས་ནས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེར་བཏང་ནས། རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་འགྲེམ་སྟོན་བྱེད་དགོས།

ལོའུ་ཀང་དང་ལིའུ་ཐོ། ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།