མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་སྐུལ་སློང་ཚོགས་ཆེན་ཟི་ལིང་དུ་བསྡུས།
2024.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་སྐུལ་སློང་ཚོགས་ཆེན་ཟླ4པའི་ཚེས15ཉིན་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། 2023ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གྲུབ་འབྲས་སྤྱི་སྡོམ་བྱས་ནས། སྟོབས་ཤུགས་ཡོད་རྒུས་བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལྗང་སྒྱུར་བྱེད་པར་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ད་ལོའི་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་དང་བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་བྱ་བའི་ཐད་ནས་བཀོད་སྒྲིག་བཟང་བོ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་འདས་པའི་ལོ་གཅིག་རིང་གི་རང་ཞིང་གི་རྒྱལ་ཁོངས་ལྗང་སྒྱུར་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁྲིན་ཀང་གིས་བསྟན་དོན། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་ལག་བསྟར་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ལག་ལེན་དངོས་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གལ་ཆེན་ཡིན་པས། བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་པའི་བརྩེ་སེམས་བཅངས་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་རྒྱལ་ཁོངས་ལྗང་སྒྱུར་དང་ཁྱིམ་གཞི་མཛེས་སྒྱུར་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། རྒྱལ་དོན་གལ་ཆེན་སེམས་ལ་དམ་པོར་འཛིན་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས། རྒྱལ་ཁོངས་ལྗང་སྒྱུར་བྱ་བ་བཟང་བོར་སྒྲུབ་རྒྱུ་ཧ་ཅང་གལ་ཆེ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་བྱ་བའི་ཐད་ནས་རྒྱལ་ཁ་ལེན་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་ཇེ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་ཞིབ་དཔྱད་དུ་བརྩི་བ་དང་། སྐོར་ཐེངས་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། གནད་དོན་རྙིང་བ་ཐག་གཅོད་བྱེད་པ་མ་ཟད། གནད་དོན་གསར་བ་འབྱུང་བར་བཀག་འགོག་བྱས་ཏེ། ཚད་གཞི་སྔར་ལས་མཐོན་པོས་མཚོ་སྔོན་གྱི་ནགས་ཚལ་དང་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། བྱ་སྤྱོད་དངོས་ཀྱིས་སྟེང་ནས་སྐྱེ་ཁམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བྱ་བ་གཅིག་འདོམས་བྱེད་པར་ཤུགས་སྣོན་པ་དང་། ཞིང་ཆེན་ཡོངས་ཀྱི་ལྗང་སྒྱུར་ལས་འགན་སྤྱི་དང་བྱེ་བྲག་གི་ལྗང་སྒྱུར་དགོས་མཁོར་བསམ་གཞིགས་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཆུ་བཀོལ་ཚད་ལ་བཀོད་སྒྲིག་ལུགས་མཐུན་བྱེད་པ། རྒྱལ་ཁོངས་ལྗང་སྒྱུར་གྱི་རྗེས་མཐུད་གསོ་སྐྱོང་དོ་སྲུང་གྲུབ་འབྲས་ལ་དོ་སྣང་བྱེད་པ། ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་ལག་བསྟར་བྱེད་པ། གཞི་རིམ་གྱི་ནགས་རྩྭའི་དོ་སྲུང་ས་ཚིགས་དང་སྐྱེ་ཁམས་དོ་སྲུང་པའི་ནུས་པ་འདོན་སྤེལ་བྱེད་པ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལ་ཤུགས་སྣོན་པ། ལས་མཚམས་བཞག་པའི་བཟོ་སྐྲུན་དང་ཁྲིམས་འགལ་གྱིས་ས་དང་ཆུ་བཀོལ་བ་སོགས་ཀྱི་གནད་དོན་མི་འབྱུང་བར་བྱེད་དགོས། སྒྲིག་ལམ་སྤྱོད་ཚུལ་ཇེ་དམ་དུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་བཟང་བོར་སྒྲུབ་པའི་འགུལ་སྐྱོད་དངོས་སུ་བསྒྱུར་བ། ལས་སྒྲུབ་ནན་མོ་མི་བྱེད་པའི་གནད་དོན་ཐག་གཅོད་པ། ཚད་ལྡན་བཟོ་སྐྲུན་འཛུགས་སྐྲུན་གྱི་ཚོང་འགུག་དངུལ་གཏོང་བྱ་བར་བཅོས་སྐྱོང་བྱེད་པ། ལས་གཞིའི་སྣང་ཚུལ་ངན་པ་དང་དེའི་རྒྱབ་ཀྱི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་ཞིབ་བཤེར་ནན་མོ་བྱས་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་ཆུ་དྭངས་རི་མཛེས་ཀྱི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བཀོད་སྒྲིག་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་གཙིགས་སུ་འཛིན་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་སྣེ་ཁྲིད་དུ་བྱེད་པ། ལྗང་སྐྱེད་ལྗང་སྤེལ་དང་ལྗང་སྲུང་བཅས་ལ་མཉམ་དུ་དོ་སྣང་བྱས་ཏེ། གནམ་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་ལྗང་སྣོན་ལྗང་སྐྱེད་ཀྱི་དམག་འཐབ་རྒྱག་པ་དང་། ཆུའི་གནས་ཚུལ་ལ་གཞིགས་ནས་འདེབས་འཛུགས་ཀྱི་རིགས་སྣ་གཏན་ཁེལ་བྱེད་པ་དང་། ས་དེ་དང་འཚམ་པའི་རྩི་ཤིང་འདེབས་པ་རྒྱུན་འཁྱོངས་བྱེད་པ། ས་གང་ཞིག་ལ་ཅི་ཞིག་འདེབས་པ་དང་ཇི་ལྟར་འདེབས་པའི་གནད་དོན་ཐག་བཅད་དེ། ལྗང་མདོག་གི་ཁྱིམ་གཞིས་ཇེ་བརྟན་དུ་གཏོང་དགོས། སྟོབས་ཤུགས་ཡོད་རྒུས་ལྗང་སྲུང་ལྗང་སྐྱོང་གི་སྲུང་སྐྱོབ་དམག་འཐབ་རྒྱག་པ་དང་། རྗེས་མཐུད་གསོ་སྐྱོང་དོ་སྲུང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལྟ་རྟོག་ལྟ་ཞིབ་ལ་ཤུགས་སྣོན་པ། ནགས་རྩྭའི་མེ་འགོག་མེ་གསོད་བྱ་བ་བཟང་བོར་སྒྲུབ་ནས། ཐོབ་དཀའ་བའི་ལྗང་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ལྗང་དར་ནུས་འདོན་གྱི་རོགས་འདེགས་དམག་འཐབ་བཟང་བོར་རྒྱག་པ་དང་། ནགས་ཚལ་རྩྭ་ཐང་གི་ཆུ་མཛོད་དང་དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་མཉམ་འབྲེལ་སྔར་ལས་བཟང་བོ་བྱེད་པ། རི་ལྗང་ཆུ་དྭངས་དེ་གསེར་དངུལ་རི་ལ་བསྒྱུར་བའི་ཐབས་ལམ་རྒྱ་བསྐྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ། ཐཱན་གཉིས་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་ཤུགས་བཏོན་ནས། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་བྱེད་པར་སྐུལ་འདེད་གཏོང་དགོས། བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་དམག་འཐབ་བཟང་བོར་རྒྱག་པ་དང་། རང་ཞིང་གི་བྱང་གསུམ་ས་ཁུལ་དེ་རྒྱལ་ཁོངས་ལྗང་སྒྱུར་གྱི་གཡུལ་ས་གཙོ་བོར་བརྩི་བ། ལས་གཞི་འཛུགས་སྐྲུན་དང་མཉམ་འགོག་མཉམ་སྐྱོང་། ལག་རྩལ་གྱི་འདེགས་སྐྱོར་བཅས་དམ་འཛིན་བྱེད་པ། ཁུལ་བགོས་ཐབས་སྤྱོད་དང་གནད་ཕིགས་སྲིད་སྤྱོད་བྱས་ཏེ། མཆོང་བརྒལ་རང་བཞིན་གྱི་གྲུབ་འབྲས་དང་ངོ་བོ་རང་བཞིན་གྱི་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ཚར་གཅོད་དམག་འཐབ་བཟང་བོར་རྒྱག་པ་དང་། རྩྭ་ཕྱུགས་དོ་མཉམ་དོ་དམ་དང་རྩྭ་སའི་སྐྱེ་ཁམས་སླར་གསོ། ལས་གཞི་ལྟ་སྐུལ་དོ་དམ་བཅས་དམ་འཛིན་བྱེད་པ་འབུར་དུ་ཐོན་པར་བྱས་ནས། སྟོབས་ཤུགས་ཡོད་རྒུས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས། འདེགས་སྐྱོར་འགན་སྲུང་གི་མཉམ་འབྲེལ་དམག་འཐབ་བཟང་བོར་རྒྱག་པ་དང་། འགན་འཁྲི་ལག་བསྟར་དང་མ་དངུལ་འགན་སྲུང་། སྤྱི་ཚོགས་མཉམ་སྐྱོང་བཅས་ལ་ཤུགས་བསྣན་ནས། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལྗང་མདོག་སྣོན་པ་དང་སྟོབས་ཤུགས་འབུལ་དགོས།

ཚོགས་ཐོག་ཏུ། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས2023ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གནས་ཚུལ་དང2023ལོའི་ཟི་ལིང་ལྷོ་བྱང་རིའི་ལྗང་སྒྱུར་བྱ་བའི་དམིགས་འབེན་དཔྱད་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས། ཞིང་ཆེན་ནགས་རྩྭ་ཅུའུ་ཡི་འགན་ཁུར་བློ་མཐུན་གྱིས2024ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན། བྱེ་འགོག་བྱེ་བཅོས་ཀྱི་གཙོ་གནད་བྱ་བའི་ལས་འགན་སྐོར་ནས་གསལ་བཤད་བྱས་པར་མ་ཟད། 2023ལོའི་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཀྱི་ལྟ་ཞིབ་དཔྱད་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས། མཚོ་ནུབ་ཁུལ་དང་ཡུས་ཧྲུའུ་ཁུལ་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་བརྗེ་རེས་གཏམ་བཤད་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ལིའུ་མཱེ་ཕེན་དང་ལིའུ་ཐུང་ཏི། ལིས་ཞའོ་ནན། དབྱང་ཁི་ཞང་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།