ཟླ4པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་དུ་ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། རྐང་འཛིན་དབུ་གཙོ་སུང་ཧའེ་ལེང་སོགས་དང་བཞུགས་མོལ་བྱས་པ་དང་། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་གྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པར་མཉམ་དུ་བདེན་དཔང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་དང་ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་སྡེ་ཚོགས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྤྱི་གཉེར་པ་གཞོན་པ་ཝུའུ་ཡུན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་གྲོས་མཐུན་བཀོད།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་སུང་ཧའེ་ལེང་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱེད་བཞིན་ཡོད་ལ། ལྷག་པར་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་བརྒྱུད་རིམ་ཁྲོད་དུ། རྒྱུན་ཆད་མེད་པར་ངོས་འཛིན་ཇེ་ཟབ་དང་གཅིག་འདོམས་ཤུགས་སྣོན་བྱས་ཏེ། སྒྲིག་གཞི་འཆར་འགོད་དང་། སྲིད་ཇུས། རྟེན་གཞི། རྣམ་གྲངས། ཁེ་ལས་བཅས་ཕྱོགས་ལྔ་གཞི་གཅིག་གི་སྐུལ་འདེད་རྣམ་པར་བརྟེན་ནས། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། དེ་དང་མཉམ་དུ། མཚོ་སྔོན་གྱི་ལྷད་མེད་གློག་ནུས་ཕུན་སུམ་ཚོགས་པ་དང་། མ་རྩའི་དགེ་མཚན་མངོན་པར་གསལ་བ། འཕེལ་རྒྱས་བར་སྟོང་ཡངས་ཤིང་ཆེ་བ་སོགས་ཀྱི་དགེ་མཚན་ལ་གཞི་བཅོལ་ཏེ། དག་གཙང་ནུས་ཁུངས་དང་ལྷད་མེད་རྩིས་ནུས་ཐོན་ལས་གསར་སྤེལ་མཉམ་བསྲེས་ལ་སྐུལ་འདེད་གཏོང་བཞིན་པ་དང་། ལྷད་མེད་རྩིས་ནུས་སྣེ་ཁྲིད་དུ་བྱས་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་སུགཏོང་བཞིན་ཡོད། ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་ནི་རང་རྒྱལ་གྱི་ནུས་ཁུངས་གློག་ནུས་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་རྒྱལ་ཁབ་རུ་དཔུང་དང་སྟོབས་ཤུགས་གཙོ་བོ་ཡིན་པས། ཕྱོགས་གཉིས་ཀྱིས་རང་སྟེང་གི་དགེ་མཚན་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཏེ། ཐེངས་འདིའི་སྒྲོམ་གཞིའི་གྲོས་མཐུན་གྱི་ལས་རིམ་ཁག་དངོས་འབེབས་བཟང་པོ་བྱེད་པ་དང་། ཁྱབ་ཁོངས་མང་པོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་ཀྱིས་ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་ཤུགས་འདོན་པའི་ཁྲོད་བྱས་རྗེས་སྔར་ལས་མང་པོ་འཇོག་རྒྱུའི་རེ་བ་ཡོད་ཟེར།
སུང་ཧའེ་ལེང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། སུང་ཧའེ་ལེང་གིས་བཤད་རྒྱུར། ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་གྱིས་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་བ་གཙོར་འཛིན་པ་དང་། གསར་གཏོད་དང་། ལྷད་མེད། གྲངས་ནུས། མཉམ་བསྲེས་བཅས་ཀྱི་སྲོག་ཤིང་འཕེལ་རྒྱས་འདུ་ཤེས་ལ་དམིགས་ཏེ། དྲ་བ་བདུན་གྱི་མཉམ་བསྲེས་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་། ཚུལ་སྒྱུར་ཆེན་པོ་བཞིའི་གོམ་སྟབས་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་ནས། གསར་བ་བཞིའི་ནུས་ཁུངས་འཛུགས་སྐྲུན་སྟེགས་བུ་མ་ལག་ལྡན་པར་བཙུགས་ཡོད། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་ཆ་རྐྱེན་ཧ་ཅང་ལེགས་པ་དང་། ས་ཁུལ་གྱི་དགེ་མཚན་མངོན་པར་གསལ་ཞིང་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་ཤིང་རྒྱ་ཆེ་བས། ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་ཀྱི་ཁུལ་ཁོངས་ཚོང་ར་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་རྒྱུ་ཡིན་པ་དང་། རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། གསར་དར་གསོག་ནུས་མནའ་འབྲེལ་སོགས་ཀྱི་སྟེགས་བུར་གཞི་བཅོལ་ཏེ། ལྷད་མེད་རྩིས་ནུས་དང་ནུས་ཁུངས་གློག་ནུས། གསར་དར་གསོག་ནུས། ཆཱིན་ནུས་གཞི་གཅིག་ཅན། གྲོང་ཁྱེར་ཕྱོགས་བསྡུས་གསར་སྤེལ། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ནས་མཚོ་སྔོན་དང་མཉམ་དུ་མཉམ་ལས་མཉམ་རྒྱལ་གྱི་ཟུང་འབྲེལ་གནས་ཐིག་དང་། རིན་ཐང་གནས་ཐིག གསར་གཏོད་གནས་ཐིག་བཅས་འཚོལ་ཞིབ་བྱས་ནས། ལག་གདང་མཉམ་དུ་སྦྲེལ་ནས་དཔེ་ལྟའི་ཐོན་རྫས་སྐོར་ཞིག་བསྐྲུན་ཏེ་མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་ནུས་ཁུངས་འཛུགས་སྐྲུན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།