ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2024.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ4པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས། རོགས་སྐྱོར་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་དཔེ་སྟོན་དང་ལག་ལེན་མཛད་ནས། ལོ་རེ་རེར་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་ཏེ། ང་ཚོར་མིག་དཔེ་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ལྗང་མདོག་སྣོན་པ་ནི་དགེ་མཚན་སྣོན་པ་དང་། སྡོང་འཛུགས་བྱེད་པ་ནི་མ་འོངས་པ་བསྐྲུན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་བྱང་གསུམ་བཟོ་སྐྲུན་མཁྲེགས་གཏོར་བྱ་བའི་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བཟང་བོ་བྱས་ནས། མཚོ་སྔོན་གྱི་ལྗང་མདོག་གི་ཁྱིམ་གཞིས་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཱ་དབྱིན་ཅིའུ་སོགས་ལ་མཇལ་འཕྲད་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སློབ་སྦྱོང་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ། མཚོ་སྔོན་གྱི་རིག་གནས་ཤུལ་བཞག་གི་རིན་ཐང་སྔོག་འདོན་གང་ལེགས་བྱེད་པ། མཚོ་སྔོན་དུ་ཡོད་པའི་ཐའེ་ཝན་གྱི་དངུལ་གཏོང་ཁེ་ལས་ལ་སྤུས་ལེགས་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་པ། འགྲམ་ངོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།

ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་རྒྱལ་ཡོངས་སྐོར་ཞིབ་བྱ་བའི་གྲོས་ཚོགས། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་གསུམ་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བཞི་པའི་ཕྱོགས་བསྡུས་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སྐོར་ཞིབ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྐོར་ཞིབ་བྱ་བ་དེ་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཏུ་བརྩི་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བཟང་བོ་དང་དེར་རྒྱུས་ལོན་གསལ་བོ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་འབུར་ཐོན་གནད་དོན་གཙིགས་འཛིན་བྱས་ནས་སྐོར་ཞིབ་བྱ་བར་སྐུལ་འདེད་གཏོང་བ། སྐོར་ཞིབ་དག་ཐེར་གྱི་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ། གནད་དོན་འཚོལ་བ་དང་འཇིགས་ཟིལ་མངོན་པ། དག་ཐེར་ལ་སྐུལ་འདེད་གཏོང་བ། ལག་བསྟར་དམ་འཛིན་བྱེད་པའི་བྱ་བའི་བྱེད་ཐབས་གྲུབ་པར་བྱས་ནས། སྐོར་ཞིབ་ཀྱིས་ལེགས་བཅོས་ལ་སྐུལ་བ་དང་སྐོར་ཞིབ་ཀྱིས་འཛུགས་སྐྲུན་ལ་སྐུལ་བ། སྐོར་ཞིབ་ཀྱིས་བཅོས་སྐྱོང་ལ་སྐུལ་བའི་ཕན་འབྲས་ཇེ་ཆེར་གཏོང་དགོས། སྐོར་ཞིབ་ཀྱི་རལ་གྲི་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་། འགོ་ཁྲིད་དང་པོའི་ལྟ་སྐུལ་ལ་ཤུགས་སྣོན་པ། གནོན་ཤུགས་བརྒྱུད་སྤྲོད་བྱེད་པར་ཤུགས་སྣོན་པ། དངོས་སྒྲུབ་བྱེད་ཕོད་པར་བྱེད་པ། འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། ཡོངས་བསྒྲགས་བྱེད་ཤུགས་ཆེར་བསྐྱེད་དེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། སྐོར་ཞིབ་གཟིགས་ཞིབ་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྐོར་ཞིབ་བྱ་བའི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དག་ཐེར་ལེགས་བཅོས་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་ནས། སྐོར་ཞིབ་བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

ཚོགས་ཐོག་ནས་ཀྲུང་དབྱང་སྒྲིག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་སྐོར་གྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་དགོངས་པ་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། རུལ་སུངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་རུལ་སུངས་མཐའ་གཅིག་ཏུ་གཙང་སེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། བཀོད་སྒྲིག་ཞིབ་མོ་དང་མྱུར་དུ་བྱེད་ཐབས་སྤྱད་དེ། མང་ཚོགས་ལ་བཅོས་སྐྱོང་གི་གྲུབ་འབྲས་མྱོང་ཐུབ་པར་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་། དོ་དམ་ནན་མོ་བྱེད་པ་དང་བརྩེ་སེམས་ཟབ་མོ་བཅངས་པ་གཉིས་ཟུང་འབྲེལ་བྱེད་པ། སྐུལ་སློང་དང་ཚོད་འཛིན་གཉིས་མཉམ་འཛིན་བྱེད་པ་འབུར་དུ་ཐོན་པར་བྱེད་པ། གཞི་རིམ་ལས་བྱེད་པས་ལས་གཉེར་ལས་སྐྲུན་བྱེད་པ་དང་ཁག་ཁུར་འབད་འཐབ་བྱེད་པའི་སེམས་ཤུགས་ལ་སྲུང་སྐྱོབ་བྱེད་པར་དོ་སྣང་བྱས་ཏེ། ཁྲིམས་སྲོལ་གཞིར་འཛིན་པ་དང་ཚན་རིག་དང་མཐུན་པ། གནད་འཁེལ་ནུས་ལྡན་ཡོང་བར་བྱེད་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་དང་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། ནག་འཇོམས་ངན་སེལ་སོགས་ཕྱོགས་ཀྱི་འབུར་ཐོན་གནད་དོན་གཙིགས་སུ་འཛིན་པ་དང་། ཞིབ་བཤེར་རྩད་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་བ། མང་ཚོགས་ཀྱིས་མཐོང་ཐུབ་པའི་དོན་དངོས་སྐོར་ཞིག་སྒྲུབ་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མཐུད་ངང་ཇེ་ཆེར་གཏོང་དགོས།

ཚོགས་ཐོག་ནས་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་བྱ་བར་ཞིབ་འཇུག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། གཅིག་འདོམས་སྐུལ་འདེད་ལ་ཤུགས་སྣོན་པ། ཐོན་ལས་ཀྱི་མཉམ་འབྲེལ་ཇེ་བརྟན་དུ་གཏོང་བ། རིག་རྩིས་དང་རིམ་འདས་རྩིས་རྒྱག་གི་སྲོག་ཤིང་འདུ་ཚོགས་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། གྲོང་ཁྱེར་ཚོགས་ཀྱི་དགེ་མཚན་ཁ་གསབ་བྱེད་པ་དང་ཕན་ཚུན་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་བོ་གྲུབ་པར་བྱས་ཏེ། གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་བརྟེན་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་སྒུལ་ཤུགས་འགོ་ཁུངས་དང་འཕར་སྣོན་སྣེ་གསར་སྐྲུན་བྱེད་དགོས།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི2023ལོའི་རོགས་སྐྱོར་བྱ་བའི་སྤྱི་སྡོམ་དང2024ལོའི་བྱ་བའི་འཆར་གཞི། ཅང་སུའུ་དང་མཚོ་སྔོན་གྱི་ཐོན་ལས་མཉམ་ལས་བྱ་བའི་སྙན་ཞུ་བཅས་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གོ་སྐབས་དམ་འཛིན་བྱེད་པ་དང་། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་བཟང་བོ་གཏོང་དགོས། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་ཞིབ་འཇུག་དང་འཆར་འགོད་བཟང་བོ་བྱེད་པར་མ་ཟད། སློབ་གསོ་དང་སྨན་བཅོས་སོགས་ཕྱོགས་ཀྱི་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣར་དོ་སྣང་ཆེན་པོ་བྱེད་པ་དང་། སེམས་ཁུར་བྱེད་པ་དང་ཁོ་ཚོའི་འཚར་ལོངས་ཐད་རོགས་ཤུགས་བཏོན་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣའི་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་སྒྲུབ་དགོས།

ཚོགས་ཐོག་ཏུ2024ལོའི་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གི་བཀོད་སྒྲིག་ཇུས་གཞི་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་བསྟན་དོན། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ནི། ཏང་ཡོངས་ཀྱི་གཞུང་ལུགས་སློབ་སྦྱོང་གི་ཁ་ཕྱོགས་དང་སྣེ་འདྲེན་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ལས་འགན་གཙོ་བོར་བརྩི་བ་དང་། གནད་དོན་ལ་ཞིབ་འཇུག་བྱེད་པ་དང་གནད་དོན་ཐག་གཅོད་རྒྱུ་དེ་སློབ་སྦྱོང་གི་འགོ་ཚུགས་ས་དང་རྐང་འཛུགས་ས་རུ་བྱེད་པ། ཚན་རིག་གཞུང་ལུགས་དེ་བྱ་བར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་བྱེད་ཐབས་སུ་བསྒྱུར་བ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་རང་ངོས་གསར་བརྗེ་བྱེད་པའི་བྱ་སྤྱོད་དངོས་སུ་བསྒྱུར་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།