2024ལོའི་དཔྱིད་དུས་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་བ་དང་ཁྲིན་ཀང་དང་ཝུའུ་ཞའོ་ཅུན་བྱེད་སྒོར་ཞུགས།
2024.04.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

 ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། 2024ལོའི་དཔྱིད་དུས་འོས་འགན་སྡོང་འཛུགས་བྱེད་སྒོ་ཟི་ལིང་དུ་སྤེལ།

ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་སོགས་ཞིང་ཆེན་གྱི་མགོ་ཁྲིད་སྡོང་འཛུགས་བྱེད་སར་སོང་སྟེ།  ལས་བྱེད་མང་ཚོགས་དང་མཉམ་དུ2024ལོའི་དཔྱིད་དུས་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས།

སྡོང་འཛུགས་བྱེད་ས་ནི་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་གི་སྐྱེ་ཁམས་བར་བཅད་ལྗང་ས་ཡིན། གནས་དེར་སྐྱེ་དངོས་སྣ་མང་འདེབས་འཛུགས་བྱས་པ་བརྒྱུད་དེ། སྣ་མང་ཕུན་ཚོགས་ཀྱི་སྐྱེ་ཁམས་ལྗོངས་ཁུལ་ཞིག་བསྐྲུན་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི2024ལོའི་རྒྱལ་ཁོངས་ལྗང་སྒྱུར་ལས་འགན་བཀོད་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་རྗེས། ཞིང་ཆེན་གྱི་མགོ་ཁྲིད་རྣམས་ལས་བྱེད་མང་ཚོགས་དང་མཉམ་དུ་འདེབས་འཛུགས་ཀྱི་ལས་ཀར་ཞུགས་ཏེ། ཤུགས་མཉམ་འདོན་གྱིས་ལི་ཤི་དང་། སྒྲོན་ཤིང་སོགས་ཀྱི་སྡོང་ཕྲུག་བཙུགས་པ་དང་རྩྭ་འབྲུ་བཏབ། ཁྲིན་ཀང་གིས་སྡོང་ཕྲུག་འཛུགས་ཞོར་དུ། སློབ་ཆུང་སློབ་མ་རྣམས་ཀྱི་སློབ་སྦྱོང་འཚོ་བ་དང་། ངལ་རྩོལ་སྦྱོང་བརྡར་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་ཤིང་། བྱིས་པ་ཚོར་ལྕགས་ཁེམ་ཇི་ལྟར་འཛིན་པ་དང་། སྡོང་ཕྲུག་ཇི་ལྟར་སྐྱོར་བ། སོགས་ཁྲིད་སྟོན་ཞིབ་མོ་བྱས་པར་མ་ཟད། ཁོ་ཚོས་ཆུང་དུས་ནས་ངལ་རྩོལ་ལ་དགའ་བ་དང་། རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པའི་ཀུན་སྤྱོད་ལེགས་པོ་སྐྱེད་སྲིང་བྱེད་རྒྱུ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དོ་སྣང་བྱེད་དགོས་པའི་སྐུལ་མ་བཏང་། ཁྲིན་ཀང་གིས་མི་མང་ན་སྟོབས་ཤུགས་ཆེ་བས། མི་མང་པོས་སྡོང་འཛུགས་བྱས་ན་ནགས་ཚལ་བསྐྲུན་ཐུབ། དེ་རིང་ང་ཚོ་ཚང་མས་མཉམ་དུ་སྡོང་བོ་བཙུགས་པ་ནི། ལས་བྱེད་མང་ཚོགས་སྔར་ལས་མང་པོ་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་ཁྲོད་ཞུགས་ནས། ང་ཚོའི་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པ་དང་སྔར་ལས་བདེ་སྐྱིད་ལྡན་པར་བསྐྲུན་རྒྱུའི་འབོད་བརྡ་བཏང་བ་ཡིན་ཟེར།

ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་ཀྱི་ལས་བྱེད་ལས་བཟོ་པ་ཁ་ཤས། སྐལ་བཟང་ལྗང་སྒྱུར་དང་བླངས་ཞབས་ཞུ་རུ་ཁག སློབ་མ་སོགས་མི་སུམ་བརྒྱ་ལྷག་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

རྒྱུས་ལོན་པ་ལྟར་ན། ད་ལོ་ནི་བྱང་གསུམ་བཟོ་སྐྲུན་འགག་སྒྲོལ་ཕྱོགས་ཡོངས་ནས་མགོ་བརྩམས་པའི་ལོ་ཡིན་པས།  རང་ཞིང་གིས་རྒྱལ་ཁོངས་ལྗང་སྒྱུར་ལས་འགན་གྱི་སྤྱི་ཆིང་འབུམ་གསུམ་ཁྲི་དྲུག་དང་སྟོང་དྲུག་བདུན་བརྒྱ་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་ཡོད་ལ།  བྱང་གསུམ་བཟོ་སྐྲུན་གསར་བའི་སྤྱི་ཆིང་ཁྲི་དགུ་སྟོང་བརྒྱད་ལྔ་བརྒྱའི་ལས་འགན་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་སྲ་བརྟན་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མྱུར་དུ་བསྐྲུན་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།