ཟླ4པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིན་ནས་སི་ལའོ་ཝུན་ཉི་ཡའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཧྥ་ཡུང་དང་མཉམ་དུ་གྲོས་མོལ་མཛད།
ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་སི་ལའོ་ཝུན་ཉི་ཡའི་བར་ལོ་ངོ་སུམ་ཅུའི་འཕེལ་རྒྱས་ཀྱི་འབྲེལ་བ་བརྒྱུད་ནས་ད་ལྟ་གཏན་འཇགས་དང་གོང་འཕེལ་གྱི་དུས་རིམ་དུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ལའོ་ཝུན་ཉི་ཡ་སྲིད་གཞུང་གིས་ཀྲུང་གོའི་ཕྱོགས་ཀྱི་སྲོག་ཤིང་ཁེ་ཕན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ལའོ་ཝུན་ཉི་ཡ་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་རྒྱབ་སྐྱོར་དང་། སི་ལའོ་ཝུན་ཉི་ཡ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམས་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་བརྩི་བཀུར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ལའོ་ཝུན་ཉི་ཡ2024ལོ་ནས2025ལོའི་བར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་འགན་འཛིན་མིན་པའི་རྒྱལ་ཁབ་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་རྒྱལ་སྤྱིའི་སྒྲིག་གཞིའི་ཁྲོད་སི་ལའོ་ཝུན་ཉི་ཡ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་འདོད་ཡོད་ཟེར།
ཧྥ་ཡུང་གིས་བསྟན་དོན། སི་ལའོ་ཝུན་ཉི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་ཡོད། ད་ཐེངས་སི་ལའོ་ཝུན་ཉི་ཡས་ལོ་རྒྱུས་ཐོག་གཞི་ཁྱོན་ཆེས་ཆེ་བའི་དཔལ་འབྱོར་ཉོ་ཚོང་འཐུས་ཚབ་ཚོགས་པ་ཀྲུང་གོར་འཚམས་འདྲིར་བཏང་ནས་ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། སི་ལའོ་ཝུན་ཉི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་དུ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཟེར།