ལིས་ཆང་དང་འཇར་མན་གྱི་ཙུང་ལི་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདོན་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས།
2024.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་དང་མཉམ་དུ། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདོན་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ། ཚོགས་ཞུགས་ཁེ་ལས་པ་དང་དགོངས་འཆར་བརྗེ་རེས་གནང་།  ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པ་ཉི་ཤུ་ལྷག་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས།

ལིས་ཆང་གིས་ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། འཇར་མན་ནི་ཡོ་རོབ་ཀྱི་དཔལ་འབྱོར་དངོས་ཕུང་ཆེ་ཤོས་ཡིན་པའི་དབང་གིས། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་ནི་ཕན་ཚུན་གྱི་ངོས་ནས་བཤད་ན་གོ་སྐབས་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཁྱབ་རྒྱ་སྔར་ལས་ཇེ་ཆེར་གཏོང་བ་དང་སྔར་ལས་ཇེ་ལེགས་སུ་གཏོང་བ། སྔར་ལས་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་གང་མང་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་ཏེ། དངོས་སྒྲུབ་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་མཐུད་བྱེད་རྒྱུ་དང་། སྒོ་འབྱེད་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། གཉིས་ཕན་མཉམ་ལས་ཀྱི་བར་སྟོང་རྒྱ་སྐྱེད་གཏོང་བ་བཅས་ལ་རྩེ་གཅིག་ཏུ་འབད་དགོས། རྒྱལ་ཁབ་གཉིས་ཀའི་ཁེ་ལས་ཀྱིས་ཐོན་ལས་དང་གསར་གཏོད་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་ལས་འཕར་གཞི་གསར་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་ནས། སྔར་ལས་འཕེལ་རྒྱས་ཡོང་བར་འབད་དགོས། ཀྲུང་གོ་སྲིད་གཞུང་གིས་འཇར་མན་སྲིད་གཞུང་དང་མཉམ་དུ། ཕན་ཚུན་བར་སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་ལས་གང་མང་བྱས་ནས། ཕྱོགས་གཉིས་ཀའི་ཁེ་ལས་མཉམ་ལས་ལས་དོན་སྔར་ལས་བདེ་བླག་དང་ནུས་ལྡན་ཡོང་བར་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་མཐུད་དང་བརྟན་བརླིང་། བདེ་ཐང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་མིག་སྔར་ཀྲུང་གོའི་དཔལ་འབྱོར་བསྐྱར་འཕར་ཡག་པོ་ཡོང་བའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་འགྲོ་བཞིན་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་བའི་ཆོད་སེམས་ལ་འགྱུར་བ་ཡོང་མི་སྲིད་ལ། གོམ་སྟབས་མཚམས་འཇོག་མི་སྲིད་པར་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཀྱི་ལྡོག་ཕྱོགས་ཀྱི་ཞིབ་ཐོ་མུ་མཐུད་ཇེ་ཉུང་དུ་གཏོང་རྒྱུ་དང་། ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན། ང་ཚོས་གཞི་གྲངས་རྒྱལ་མཚམས་བརྒལ་བའི་འཁོར་རྒྱུག་སོགས་ཐད་ཀྱི་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་ཇེ་ལེགས་སུ་གཏོང་བཞིན་ཡོད་པས། ཕྱི་རྒྱལ་ཁེ་ལས་ཀྱི་བསམ་འཆར་ལ་ཉན་རྒྱུ་རྒྱུན་གཏན་ཅན་དུ་འགྱུར་བར་བྱས་ནས། ཁེ་ལས་ཀྱི་ལུགས་མཐུན་རེ་འདུན་ཐག་གཅོད་བྱ་རྒྱུར་འབད་འབུངས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དངོས་སྒྲུབ་ཀྱི་བྱེད་ཐབས་སྤྱད་དེ། འཇར་མན་གྱི་ཁེ་ལས་དང་བཅས་པའི་ཕྱི་རྒྱལ་གྱི་ཁེ་ལས་སྔར་ལས་གང་མང་ཀྲུང་གོ་རུ་ཡོང་འདོད་པ་དང་ཀྲུང་གོ་རུ་སྡོད་ཐུབ་པ། ཀྲུང་གོ་རུ་འཕེལ་རྒྱས་ཡག་པོ་ཡོང་ཐུབ་པ་བཅས་ཀྱི་ཐད་ཧུར་བརྩོན་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀའི་ཁེ་ལས་པ་ཚོས་ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ལ་སྐུལ་འདེད་གང་ལེགས་གཏོང་བ་དང་མཉམ་དུ། འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་བར་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ཡིད་ཆེས་ཡོང་བའི་ཐད་བྱས་རྗེས་གང་ལེགས་འཇོག་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

ཧྲའོ་ཨར་ཚི་ཡིས་ཀྲུང་གོ་ནི་འཇར་མན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟླ་གྲོགས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་བར་དཔལ་འབྱོར་ཚོང་དོན་འབྲེལ་བ་དམ་ཟབ་ཡོད་པས། ཕྱོགས་གཉིས་ཀར་དེའི་ཁྲོད་ནས་ཕན་ཁེ་ཆེན་པོ་ཐོབ་ཐུབ། འཇར་མན་ཕྱོགས་ཀྱིས་འཇར་མན་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་འབྲེལ་བར་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་རྒྱུ་ཡིན་ལ། འབྲེལ་ལམ་གཅོད་པར་ངོ་རྒོལ་བྱས་ཏེ། འཇར་མན་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་བརྗེ་རེས་སྔར་ལས་ཟབ་སྤེལ་བྱེད་རྒྱུ་དང་། དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ་ཡིན། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་འཇར་མན་དུ་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།

བཞུགས་མོལ་ཚོགས་འདུ་གྲོལ་རྗེས། རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།