ལིས་ཆང་གིས་སྐབས་བརྒྱ་དང་སོ་ལྔ་པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་གྲོས་ཚོགས་ཀྱི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པའི་འཐུས་མི་དང་བཞུགས་མོལ་གནང་།
2024.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 89

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ4པའི་ཚེས17ཉིན་གྱི་ཕྱི་དྲོར་ཀོང་ཀྲོའུ་རུ། སྐབས་བརྒྱ་དང་སོ་ལྔ་པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་གྲོས་ཚོགས་ཀྱི་ཀོང་ཀྲོའུ་ཚོང་འདུས་ཁྲོད་ཞུགས་པའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པའི་འཐུས་མི་དང་བཞུགས་མོལ་གནང་། དབྱིན་ཐི་དབྱི་ཅཱ་དང་ཝོར་མཱ། ཁི་ཕེ་ཨར། ལུའུ་ལུའུ་རྒྱལ་སྤྱི། མེ་ཨེར་ཀྲིན། ཨར་ཙུའུ་མུའུ། ཟི་ཉོ། ཨུག་ཧྲང་། ཧྲིན་ཕའེ། ཁའེ་ཟི་ཁི། ཁྲང་ཡིའུ་སོགས་ཕྱི་རྒྱལ་གྱི་ཁེ་ལས་ཀྱི་འགན་འཁུར་པ་ཚོགས་འདུར་ཞུགས།

ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པའི་འཐུས་མིས་ཀོང་ཀྲོའུ་ཚོང་འདུས་བརྒྱུད་ནས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་ཤུགས་བསྣན་པའི་མྱོང་ཚོར་ངོ་སྤྲོད་བྱས་ཏེ། དུས་ཡུན་རིང་པོའི་ནང་ཀྲུང་གོའི་ཀོང་ཀྲོའུ་ཚོང་འདུས་ཀྱིས་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་བར་གྱི་ཚོང་དོན་འགྲོ་འོང་དང་མཛའ་མཐུན་འབྲེལ་བར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཕྱོགས་སོ་སོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བཅངས་ཡོད་ཅིང་། ཀོང་ཀྲོའུ་ཚོང་འདུས་སྟེགས་བུར་བྱས་ནས་ཀྲུང་གོར་ཉོ་ཚོང་གི་ཁྱབ་རྒྱ་མུ་མཐུད་ཇེ་ཆེར་གཏོང་རྒྱུ་དང་། རང་མོས་ཚོང་དོན་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཧྲིལ་པོའི་མཁོ་སྤྲོད་ཕྲེང་འབྲེལ་བརྟན་བརླིང་ལ་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་གང་ལེགས་འབུལ་འདོད་ཡོད་ཅེས་བསྟན། ཁེ་ལས་པ་ཚོས་ད་དུང་འཁོར་རྒྱུག་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོ་རུ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣའི་འགྲོ་འོང་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་ནས་བསམ་འཆར་དང་གྲོས་འགོ་བཏོན།

ལིས་ཆང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། ཚང་མས་དུས་ཡུན་རིང་པོའི་ནང་ཀོང་ཀྲོའུ་ཚོང་འདུས་ནང་འབད་པས་ཞུགས་པ་དང་། ཀྲུང་གོའི་བར་དཔལ་འབྱོར་ཚོང་དོན་མཉམ་ལས་ཤུགས་ཆེན་བྱས་པར་བསྟོད་བསྔགས་གནང་། ལིས་ཆང་གིས་ཀོང་ཀྲོའུ་ཚོང་འདུས་དེ1957ལོར་བཙུགས་པ་ནས་བཟུང་དཀའ་ཁག་གང་མང་དངོས་སུ་བརྒྱུད་མྱོང་ཡོད་ནའང་མཚམས་ཆད་མྱོང་མེད། ཕྱི་རྒྱལ་གྱི་ཁེ་ལས་མང་པོ་ཞིག་གིས་ཀོང་ཀྲོའུ་ཚོང་འདུས་ཀྱི་སྟེགས་བུ་འདི་བརྒྱུད་དེ་གཞི་ནས་ཀྲུང་གོའི་བར་འབྲེལ་བ་ཆགས་པར་མ་ཟད། ཀྲུང་གོའི་འཕེལ་རྒྱས་དང་འགྲོགས་ཏེ་འཚར་ལོངས་བྱུང་ནས་སྔར་ལས་སྟོབས་ལྡན་དུ་ཕྱིན་ཡོད། ཀོང་ཀྲོའུ་ཚོང་འདུས་ཀྱི་ལོ་རྒྱུས་ནི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་གོ་སྐབས་མཉམ་སྤྱོད་དང་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཤིག་ཡིན་ལ། ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས། རྒྱལ་སྤྱིའི་ཁྲོམ་རར་འབད་པས་ཞུགས་ཐུབ་པའི་བསྡུས་གཟུགས་ཤིག་ཀྱང་ཡིན། འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་དང་། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། རང་ངོས་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས། འཛམ་གླིང་ཧྲིལ་པོའི་ཉོ་ཚོང་དང་འཛམ་གླིང་དཔལ་འབྱོར་ལ་བརྟན་བརླིང་རང་བཞིན་སྔར་ལས་གང་མང་བསྣན་ཏེ། རྒྱལ་ཁབ་སོ་སོའི་ཁེ་ལས་འཕེལ་རྒྱས་གཏོང་བར་སྔར་ལས་རྒྱ་ཆེ་བའི་བར་སྟོང་འདོན་སྤྲོད་བྱ་རྒྱུ་ཡིན་ཞེས་གསུངས།

ལིས་ཆང་གིས་དུས་ཡུན་རིང་པོའི་ནང་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོ་དང་འཛམ་གླིང་བར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་བཟོ་སྐྲུན་དང་ཕྱི་རྒྱལ་གྱི་ཁྲོམ་ར་སྦྲེལ་མཐུད་བྱེད་པ། འཛམ་གླིང་ཧྲིལ་པོའི་མཁོ་སྤྲོད་དང་དགོས་མཁོ་ཕན་ནུས་ཆེ་བའི་ངང་འཚམ་པོ་ཡོང་བར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཚང་མས་ཀྲུང་གོའི་ཁྲོམ་རར་མུ་མཐུད་དངུལ་གཏོང་ཚོང་གཉེར་བྱས་ནས། ཀྲུང་གོར་ཡོད་པའི་ལས་སྒོ་རྒྱ་སྐྱེད་གཏོང་བ་དང་། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་དགོས་མཁོ་དང་སྒོ་འབྱེད་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མཉམ་སྤྱོད་ཡག་པོ་བྱེད་པ་བཅས་བྱས་ནས། ཀྲུང་གོ་དང་ཕྱི་རྒྱལ་བར་ཕན་ཚུན་བསམ་ཤེས་དང་གཉིས་ཕན་མཉམ་ལས་ཟབ་སྤེལ་གཏོང་བའི་མཛའ་མཐུན་ཕོ་ཉ་ཡག་པོ་བྱེད་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།