ལིས་ཆང་གིས་སྐབས་བརྒྱ་དང་སོ་ལྔ་པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འདུ་ཚོགས་ཀྱི་འགྲེམ་ཁང་དུ་སྐོར་ཞིབ་གནང་།
2024.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སྐབས་བརྒྱ་དང་སོ་ལྔ་པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འདུ་ཚོགས་ཀྱི་ཀོང་ཀྲོའུ་ཚོང་འདུས་ཁེ་ལས་ཁང་དུ་སྐོར་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀོང་ཀྲོའུ་ཚོང་འདུས་ཡག་པོར་གཉེར་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ཟབ་མོ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་གཏོང་བ་དང་གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཀོང་ཀྲོའུ་ཚོང་འདུས་སྔར་ལས་ཡག་པོར་གཉེར་རྒྱུར་སྐུལ་འདེད་བཏང་སྟེ། ཀོང་ཀྲོའུ་ཚོང་འདུས་ཀྱི“གསེར་གྱི་མིང་བྱང”དེར་དུས་རབས་གསར་པའི་ཉམས་འགྱུར་མངོན་པར་བྱེད་དགོས་ཞེས་གསུངས།

ཚེས18ཉིན་གྱི་སྔ་དྲོར། ལིས་ཆང་འགྲེམས་སྟོན་ཁང་ཀ་བ་ཡོད་ས་རུ་གནས་པའི་ཁེ་ལས་ཁང་དུ་ཕེབས་ནས། སྔ་རྗེས་སུ་ལའེ་ཁི་གློག་དབུགས་དང་མའེ་ཧྲིན་སྨན་བཅོས། ཁྲོང་ཝེ། ཁི་ཏཱ་ཞོན་ཧྥེ། ཀོང་ཆི། ལུང་ཞིན་ཐུང་ཡུང་སོགས་ཁེ་ལས་མང་པོའི་འགྲེམས་སྟོན་ཁུལ་དུ་ལྟ་སྐོར་གནང་སྟེ། ཁེ་ལས་འགྲེམས་སྟོན་ལ་ཞུགས་པའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་། ལིས་ཆང་གིས་འབྲེལ་ཡོད་ཁེ་ལས་ཀྱིས་ལག་རྩལ་གསོག་འཇོག་དང་ཐོན་རྫས་གསར་གཏོད་བྱས་པ་བརྒྱུད། གཞི་ནས་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་གོ་གནས་ཤིག་ཟིན་ཐུབ་ཡོད་པར་ཁས་ལེན་གནང་། ཁོང་གིས་ཁེ་ལས་ཀྱིས་རང་བདག་ཞིབ་འཇུག་གསར་སྤེལ་གྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་། གཞི་གྲངས་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཚུལ་སྒྱུར་ལས་དོན་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་བཟོ་སྐྲུན་དེ་ཀྲུང་གོའི་གསར་གཏོད་ལ་བསྒྱུར་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། ལས་རིགས་ཀྱི་སྔོན་བསྟར་མཁན་དང་སྣེ་ཁྲིད་པ་བྱེད་དགོས་པའི་ཐད་ནས་སྐུལ་ལྕག་གནང་། ཁོང་གིས་ཀོང་ཀྲོའུ་ཚོང་འདུས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། ཀྲུང་གོའི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེངས་ནུས་མུ་མཐུད་དུ་ཇེ་ཆེར་བཏང་ནས། ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོར་གཏོང་དང་གྲངས་ཚད་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས། ལིས་ཆང་གིས་ད་དུང་རྒྱལ་ཁབ་སོ་སོའི་ཉོ་སྒྲུབ་ཚོང་པ་དང་བྱམས་བརྩེའི་ངང་བརྗེ་རེས་བྱས་ཏེ། ཚང་མས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་བཟང་བོ་བྱས་ནས། ཀྲུང་གོ་དང་འཛམ་གླིང་གི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས་ཞེས་སྐུལ་ལྕག་གནང་།

ལིས་ཆང་གིས་ཀོང་ཀྲོའུ་ཚོང་འདུས་འཕེལ་རྒྱས་ལོ་རྒྱུས་འགྲེམས་སྟོན་ཁང་ལ་ལྟ་སྐོར་གནང་། ཁོང་གིས་གནས་བབ་གསར་པའི་འོག་ཏུ། ཀོང་ཀྲོའུ་ཚོང་འདུས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་འབད་འབུངས་བྱས་ནས། རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་དང་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་གྲུབ་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། རྒྱུན་རྣམ་ཅན་གྱི་དྲ་ཐོག་སྟེགས་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས་གཉེར་རྒྱུ་དང་། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་སྔར་ལས་གང་ལེགས་ཡོང་བར་སྐུལ་འདེད་བཏང་ནས། “ནམ་ཡང་ཉམས་མི་སྲིད་པའི”ཀོང་ཀྲོའུ་ཚོང་འདུས་བསྐྲུན་དགོས། ཁྲོམ་རའི་མདུན་གྲལ་ནས་རྐང་ཚུགས་པར་བྱས་ཏེ། ལག་རྩལ་གསར་པ་དང་ལས་རིགས་གསར་པ་སོགས་ལ་དམ་པོར་དམིགས་ནས་བརྗོད་དོན་ཇུས་འགོད་ལ་ཤུགས་སྣོན་པ་དང་འགྲེམས་ཚོགས་སུ་ཞུགས་པའི་ཁེ་ལས་བསྡུ་འགུག་བྱས་ཏེ། ཐོན་ལས་རིམ་སྤོར་དང་འཛད་སྤྱོད་སྤུས་ཚད་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་སྔར་ལས་གང་ལེགས་བཏང་ནས། “ཁྲོམ་རར་སྣེ་ཁྲིད”བྱེད་པའི་ཀོང་ཀྲོའུ་ཚོང་འདུས་གསར་སྐྲུན་བྱེད་དགོས་ཞེས་གསུངས།

ཧོང་ཁུན་མེན་དང་ཝུའུ་ཀྲིན་ལུང་འབྲེལ་ཡོད་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།