ཞིང་ཆེན་སྲིད་གཞུང་གིས་སྔ་གཞུག་ཏུ་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2024.04.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས18ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་དང་། དུས་ཚིགས་དང་པོའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་བཅས་ལ་དམིགས་ཏེ། ལྗང་མདོག་རྒྱ་སྐྱེད་དང་ལྗང་མདོག་དར་སྤེལ། ལྗང་མདོག་སྲུང་སྐྱོབ་བྱ་བ་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་དགོས་ལ། ལྗང་མདོག་ཇེ་མང་དང་ལྗང་མདོག་རྒྱ་སྐྱེད་ཀྱི་མ་ལག་འཐབ་ཇུས་དང་ལྗང་མདོག་སྲུང་སྐྱོབ་དང་ལྗང་མདོག་དོ་དམ་འགོག་སྲུང་འཐབ་ཇུས། ལྗང་མདོག་དར་སྤེལ་དང་ལྗང་མདོག་ནུས་སྤེལ་ཤུགས་འདོན་འཐབ་ཇུས། བྱང་གསུམ་བཟོ་སྐྲུན་འགག་སྒྲོལ་འཐབ་ཇུས། གནད་དོན་དག་ཐེར་གཙང་སེལ་འཐབ་ཇུས། འགན་སྲུང་འདེགས་སྐྱོར་མཉམ་འབྲེལ་འཐབ་ཇུས་བཅས་ནུས་ཤུགས་ཡོད་རྒུས་ལག་བསྟར་བཟང་པོ་བྱས་ནས། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། ནམ་མཁའ་སྔོ་ཞིང་ས་གཞི་ལྗང་མདོག་ལྡན་ལ་ཆུ་བོ་དྭངས་ཤིང་གཙང་བའི་མཛེས་པའི་མཚོ་སྔོན་མྱུར་དུ་འཛུགས་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཱ་དབྱིན་ཅིའུ་སོགས་ལ་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། དུས་རབས་གསར་བར་ཏང་གིས་ཐའེ་ཝན་གནད་དོན་གྱི་སྤྱིའི་འཐབ་ཇུས་དང་ཏང་ཀྲུང་དབྱང་གི་ཐའེ་ཝན་བྱ་བའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དང་དངོས་འབེབས་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དངོས་སུ་ཕྲག་སྟེང་དུ་ལེན་པ་དང་། འགྲམ་ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་རྒྱུན་སྲིང་བྱེད་པ།  འགྲམ་ངོགས་གཉིས་ཀྱི་ཁེ་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱེད་པའི་བགྲོ་གླེང་གྲུབ་འབྲས་གཏིང་ཇེ་ཟབ་དང་རྒྱ་སྐྱེད་བཏང་ནས། འགྲམ་ངོགས་གཉིས་མཉམ་བསྲེས་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་སྔར་ལས་ཆེན་པོ་འདོན་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཟླ4པའི་ཚེས12ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་བཏོན་ནས། སྤྱིའི་ནུས་པ་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་པ་དང་། ཡུན་ཕན་རྐྱེན་སྲོལ་འཛུགས་པར་ཤུགས་བཏོན་ནས། ཁེ་ལས་ཀྱི་རྩིས་དངུལ་དུས་འགྱངས་གནད་དོན་ཐག་གཅོད་བྱེད་དགོས་ལ། གཙོ་གནད་ཁྱབ་ཁོངས་ཀྱི་གྲོན་ཆུང་ཐཱན་དམའ་ལ་སྐུལ་འདེད་གཏོང་བར་ཤུགས་བཏོན་ནས། དཔལ་འབྱོན་ཕན་ནུས་དང་སྤྱི་ཚོགས་ཕན་ནུས། སྐྱེ་ཁམས་ཕན་ནུས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས་པ་དང་། གློག་སྒུལ་ལྕགས་རྟའི་བདེ་འཇགས་དོ་དམ་ལ་ཤུགས་བཏོན་ནས། སྡོད་ཁུལ་བདེ་འཇགས་ཀྱི་མེ་འགོག་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས་པ་སོགས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་དུས་ཚིགས་དང་པོའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས། མིག་སྔར་གྱི་དཔལ་འབྱོར་གནས་བབ་ལ་དྲང་གཞག་དང་ཁྱོན་ཡོངས་ཀྱི་ལྟ་སྟངས་འཛིན་པ་དང་། ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། བརྟན་ཐོག་ཡར་འཕེལ་དང་། སྐུལ་འདེད་བརྟན་གཏོང་། སྔོན་འཛུགས་རྗེས་གཏོར་བཅས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་གསར་བའི་འདུ་ཤེས་ཆ་ཚང་ཞིང་ཡང་དག་པར་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་གང་ཡོད་འདོན་དགོས། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། བྱ་བའི་གནད་ཁེལ་རང་བཞིན་དང་བཀོད་གཏོང་གི་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་བར་ནུས་ཤུགས་གང་ཡོད་འདོན་དགོས་ཤིང་། ལོ་མཇུག་གི་དམིགས་འབེན་ལ་དམ་དུ་དམིགས་པར་འགྱུར་བ་མི་གཏོང་བ་དང་། སྲིད་ཇུས་དངོས་འབེབས་ནན་འཛིན་བྱེད་པ་དང་རྣམ་གྲངས་དངུལ་གཏོང་ཤུགས་དྲག་ཏུ་གཏོང་བ། འཛད་སྤྱོད་མཐོར་འདེགས་ལ་སྐུལ་འདེད་གཏོང་བ་དང་ཚོང་འགུག་དངུལ་འདྲེན་ལ་ཤུགས་སྣོན་བྱས་ཏེ། དུས་ཚིགས་གཉིས་པར་ཤུགས་ཀྱིས་བསྐྱོད་པ་དང་སྙིང་རུས་ཆེན་པོས་རྒྱལ་ཁ་བརྩོན་ལེན་བྱས་ནས། ལོ་ཧྲིལ་བོ་བརྟན་པོར་འཕེལ་བར་འགན་སྲུང་བྱེད་དགོས་པ་སོགས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་མེ་གསོད་བྱ་བའི་དཔྱད་ཞིབ་རྩད་ཞིབ་མཇུག་འབྲས་ཁྱབ་བསྒྲགས་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། མུ་མཐུད་དུ་འགན་འཁྲི་ཕྲག་ཏུ་ལེན་པ་དང་བྱ་བར་གཟབ་ནན་བྱེད་པ། ལམ་ལུགས་འཛུགས་པ། གཞི་རིམ་སྟོབས་ལྡན་དུ་གཏོང་བ། སྔོན་འགོག་དམ་འཛིན་བྱེད་པ། བྱེད་ཕྱོགས་ཇེ་དམ་དུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ལག་བསྟར་སྲོལ་ཡིག  མཚོ་སྔོན་ཞིང་ཆེན་ཙོང་ཆུའི་བཞུར་རྒྱུན་གྱི་ཆུའི་འབག་བཙོག་འགོག་བཅོས་སྲོལ་ཡིག་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་སྡུར་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་ཞིང་། སྔར་ལས་བཟོ་བཅོས་འཐུས་ཚང་དུ་བཏང་རྗེས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་བླང་བྱ་བཏོན། མཚོ་སྔོན་ཞིང་ཆེན་གྱི་ཆུ་ལམ་དོ་དམ་ལག་བསྟར་བྱེད་ཐབས་མཚམས་འཇོག་པའི་ཐད་གཅོད་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྲིད་གཞུང་གི་བཀའ་རྒྱ་ལྟར་ལག་བསྟར་ཁྱབ་སྒྲོག་བྱ་རྒྱུ་རེད།

གྲོས་ཚོགས་སྟེང་སྐྱེ་ཁམས་ཁོར་ཡུག་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དང་འགན་འཁྲི་རྗེས་འདེད་ལ་ཤུགས་སྣོན་པའི་ལག་བསྟར་བསམ་འཆར་དང་། 2023ལོའི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱ་དགའི་དཔྱད་ཞིབ་མཇུག་འབྲས་ལ་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།