ཞིང་ཆེན་སྲིད་གཞུང་གིས་གཞུང་ལུགས་སློབ་སྦྱོང་ཚོགས་འདུ་བསྡུས།
2024.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་སྦྱོང་གཞུང་ལུགས་སློབ་སྦྱོང་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

སློབ་སྦྱོང་ཚོགས་འདུའི་སྟེང་། རྒྱལ་ཁབ་བརྡ་འཕྲིན་ལྟེ་གནས་ཀྱི་དཔལ་འབྱོར་སྔོན་དཔག་པུའུ་ཐོན་ལས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝེ་ཆི་ཅཱ་ཡིས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཤུགས་ཆེན་པོས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཞེས་པ་ཁ་བྱང་དུ་བྱས་ཏེ་ཟུར་ཁྲིད་སྒྲོག་འགྲེལ་བྱས། ཝང་ལིན་ཧུའུ་དང་ལིའུ་ཁྲའོ་གཉིས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཟོལ་མེད་ཀྱིས་བསམ་བློ་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཤིང་། ཐོན་སྐྱེད་ནུས་ཤུགས་གསར་མའི་ཕུན་སུམ་ཚོགས་པའི་ནང་དོན་དང་དོན་སྙིང་གཙོ་བོ། ལག་ལེན་ཐབས་ལམ། ཚན་རིག་བྱེད་ཐབས་བཅས་ལ་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དེ་དམ་འཛིན་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་གཏན་གནས་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ་དང་།མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་སྟེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་དགོས་ཟེར།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན།རང་མདངས་གསལ་བའི་འཕེལ་རྒྱས་བྱེད་ཐབས་ཀྱི་གསར་གཏོད་ཐད་མཉམ་ཤུགས་འདོན་པ་དང་།རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པ་དང་ལག་བསྟར་བྱས་ཏེ།འགན་འཁྲིའི་ཁག་ཁུར་དྲག་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བསྐྲུན་བྱེད་པ་དང་།ཐཱན་ཉུང་གཏོང་དང་སྦགས་བཙོག་ཇེ་ཉུང་དུ་གཏོང་བ།ལྗང་མདོག་རྒྱ་བསྐྱེད་དེ་འཕར་སྣོན་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བར་རོགས་འདེགས་དང་།ཤུགས་ཆེན་པོས་ལྷད་མེད་ཐཱན་ཉུང་གི་འཁོར་སྐྱོད་དཔལ་འབྱོར་མ་ལག་བཙུགས་ཏེ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐཱན་རྩེར་སོན་གྱི་ལས་འགུལ་ཆེན་པོ་བཅུ་སྤེལ་ནས།ལྷད་མེད་ཐཱན་ཉུང་གི་འཚོ་བའི་བྱེད་ཐབས་ཆགས་པར་སྐུལ་འདེད་གཏོང་བ་དང་ལྷད་མེད་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བས་ཐོན་སྐྱེད་ནུས་ཤུགས་གསར་མར་སྐུལ་སྤེལ་བྱེད་དགོས།ཤུགས་ཆེན་པོས་ཁྱད་སྟོབས་དར་སྤེལ་སྒོས་ཆུ་ཚད་མཐོ་བའི་སྒོ་ནས་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་དང་།ཚན་རྩལ་གསར་གཏོད་གྲུབ་འབྲས་དེ་བྱེ་བྲག་གི་ཐོན་ལས་དང་ཐོན་ལས་མུ་འབྲེལ་སྟེང་བཀོལ་སྤྱོད་བྱེད་པ་དང་།ཚྭ་མཚོའི་ཐོན་ཁུངས་ཀྱི་གོ་རིམ་ལྡན་པའི་གསར་སྤེལ་དང་ཐོན་ལས་ཀྱི་ལྷད་མེད་འཕེལ་རྒྱས་ལ་ཡར་སྐུལ་བྱས་ནས།དག་གཙང་ནུས་ཁུངས་ཐོན་ལས་མུ་འབྲེལ་ཅན་དང་མཁོ་འདོན་མུ་རྒྱུན་ཅན་གྱི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་པ་དང་།གནས་སྐོར་ཐོན་ལས་མུ་འབྲེལ་གྱི་སྐྱེ་ཁམས་ཅན་དང་ཐཱན་ཉུང་ཅན།རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ།དེང་རབས་ཅན་གྱི་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་དགོས།ཤུགས་ཆེན་པོས་ལྷད་མེད་རྩིས་ནུས་མྱུར་མོར་འཕེལ་རྒྱས་སུ་གཏོང་བར་ཐོལ་བརྒལ་བྱེད་པ་དང་།ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་བཀོད་སྒྲིག་དང་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བར་གཏིང་ཟབ་ཏུ་འདྲེས་པར་བྱེད་པ་དང་།རྩིས་ནུས་ཐོན་ལས་ཀྱི་སྐྱེ་ཁམས་སྟོབས་ལྡན་གསོ་སྤེལ་བྱས་ནས།ལྷད་མེད་གློག་དང་ལྷད་མེད་རྩིས་ནུས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ།ལྷད་མེད་རྩིས་ནུས་ཀྱི་ལག་རྩལ་གསར་གཏོད་ཇེ་དྲག་ཏུ་གཏོང་བ།ལྷད་མེད་རྩིས་ནུས་ཀྱི་འཕེལ་རྒྱས་བདེ་འཇགས་འགོག་ཐིག་སྲ་བརྟན་དུ་བཏང་ནས།ནུབ་ཕྱོགས་ལ་རྐང་འཛུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་བྱེད་པའི་ལྷད་མེད་རྩིས་ནུས་རྟེན་གཞི་གསར་བསྐྲུན་བྱས་ཏེ་སྒུལ་ནུས་གསར་བ་འཕེལ་རྒྱས་སུ་གཏོང་བའི་ཁྱད་སྟོབས་གསར་བ་གསར་བསྐྲུན་བྱེད་དགོས།ཤུགས་ཆེན་པོས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་རོགས་འདེགས་བྱས་ཏེ།ཁ་ཕྱོགས་བཞི་རྒྱུན་འཁྱོངས་བྱེད་པ་དང་།སྐྱེ་ཁམས་ཁོར་ཡུག་དང་ཚྭ་མཚོའི་ཐོན་ཁུངས།དག་གཙང་ནུས་ཁུངས།ཁྱད་ལྡན་ཞིང་ཕྱུགས།སྐྱེ་དངོས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་གནད་འགག་གི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བྱས་ནས།ཚན་རྩལ་གསར་གཏོད་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ།ཚན་རྩལ་སྒྲིག་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ།ཕྱི་ཕྱོགས་ཚན་རྩལ་མཉམ་ལས་དང་བརྗེ་རེས་རྒྱ་བསྐྱེད་དེ།ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་བ་དང་རྣམ་པ་གསར་བ།སྒུལ་ནུས་གསར་བ་བཅས་འབྱུང་བར་བྱེད་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།