《ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྒྱས་བཤད་གནད་བསྡུས》པར་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས།
2024.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

《ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྒྱས་བཤད་གནད་བསྡུས》དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཟླ4པའི་ཚེས19ཉིན་པེ་ཅིང་དུ་འཚོགས། ཀྲུང་དབྱང་དངུལ་རྩའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན། ཀྲུང་དབྱང་དངུལ་རྩའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧི་ལིས་ཧྥུན་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངུལ་རྩའི་བྱ་གཞག་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། ང་ཚོའི་ཏང་གིས་དངུལ་རྩའི་ལས་དོན་གྱི་ངོ་བོའི་ཆོས་ཉིད་དང་འཕེལ་རྒྱས་བགྲོད་ལམ་ལ་ངོས་འཛིན་བྱེད་ཚད་སྔར་མེད་ཆུ་ཚད་མཐོན་པོར་སླེབས་ཡོད་ཅིང་། དེ་ནི་དངུལ་རྩའི་གནད་དོན་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གསར་གཏོད་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དངུལ་རྩའི་ལེའུ་ཞིག་ཏུ་གྲུབ་ཡོད་པས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། 《རྒྱས་བཤད་གནད་བསྡུས》སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་མིག་སྔའི་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། དེའི་ཉིང་བཅུད་དང་སྙིང་སྟོབས་ཀྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱེད་དགོས།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། དངུལ་རྩའི་ལས་ཁུངས་སོ་སོས《རྒྱས་བཤད་གནད་བསྡུས》ཀྱི་དགོངས་དོན་གཞིར་བཟུང་ནས། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པའི་སྒོ་ནས་ཉེན་ཁ་སྔོན་འགོག་བྱེད་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་དོན་དངོས་གཉེར་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ད་ལོའི་དངུལ་རྩའི་ལས་དོན་གྱི་ལས་འགན་ཁག་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གང་མགྱོགས་བྱེད་པའི་ཕན་འབྲས་དངོས་སུ་བསྒྱུར་དགོས།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་ནོར་སྲིད་གཞུང་སྒྲུབ་ཁང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། ཀྲུང་དབྱང་དངུལ་རྩའི་དོ་དམ་སྡེ་ཁག ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་དངུལ་རྩའི་ཁེ་ལས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།