ཁྲིན་ཀང་གིས་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་དུ་རྟོག་ཞིབ་བྱས།
2024.04.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4ཚེས18ཉིན་ནས་ཚེས19ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་སོང་སྟེ་རྟོག་ཞིབ་བྱས་པ་དང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དགོངས་དོན་ཕྱོགས་ཡོངས་ནས་རྟོགས་པར་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཚད་གཞི་མཐོ་བའི་སྒོ་ནས་སྤེལ་བ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་དང་། ནུས་ལྡན་གྱི་སྤྱོད་ཚུལ་འཛུགས་སྐྲུན་གཞི་རིམ་དུ་རྒྱ་སྐྱེད་ཐུབ་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་གོང་འོག་རིམ་པའི་ལས་སྒྲུབ་གསར་སྤེལ་གསོན་ཤུགས་ཕན་ནུས་ལྡན་པར་སྐུལ་སློང་བྱས་ཏེ། མཚོ་སྔོན་ཆུ་ཚད་མཐོན་པོས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་ཆེད་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཀང་གིས་ན་གོར་མོ་གྲོང་ཁྱེར་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས་ཡོད་མེད་དང་། རྗེས་མཐུད་ཀྱི་སློབ་སྦྱོང་འཆར་གཞི་ཇི་འདྲ་ཡིན་པ་སོགས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་ཞིག་བྱས་རྗེས། ད་ལྟ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བཞིན་པའི་སྒང་ཡིན་པས། རང་དཔེ་གཞན་སྟོན་དང་འོག་རིམ་ལ་སྣེ་ཁྲིད་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་གཏིང་ཟབ་དང་ངོས་འཛིན་ཟབ་མོ་བྱེད་དགོས་ཤིང་། རིམ་པ་གཅིག་གིས་རིམ་པ་གཅིག་ཁྲིད་ནས་སློབ་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་བྱས་ནས། ཏང་ཡོན་ལས་བྱེད་པས་གོ་རྟོགས་ཟབ་མོ་བསྐྱེད་པའི་ཁྲོད་སྒྲིག་ཁྲིམས་དམ་སྲུང་བྱེད་རྒྱུ་སེམས་ལ་འཛིན་པ་དང་དངོས་འབེབས་མཐའ་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཞི་རིམ་ནས་གཏིང་ཟབ་ཏུ་སྤེལ་ཐུབ་ན་དོན་དངོས་དང་ལས་གནས་འགན་འཁྲི་ཟུང་འབྲེལ་གྱིས་སྤེལ་བར་སྔར་ལས་དོ་སྣང་བྱེད་དགོས་ལ། ཉེ་གམ་གྱི་དོན་དག་ལས་ཉེ་གམ་གྱི་མིར་ཉེན་བརྡའི་སློབ་གསོ་གཏོང་བ་དང་། གཞི་རིམ་ཏང་ཡོན་ལས་བྱེད་པས་གོ་ཐུབ་ཅིང་སེམས་ལ་འཛིན་བདེ་བ།  བློ་སྒོ་འབྱེད་ཐུབ་པའི་བྱེད་ཐབས་སྤྱད་དེ། སློབ་གསོས་སྣེ་ཁྲིད་ནས་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་པ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་ཞིང་སྒྲིག་ཁྲིམས་བརྩི་སྲུང་བྱེད་དུ་འཇུག་དགོས། ལྟ་སྐུལ་ཁྲིད་སྟོན་ལ་ཤུགས་བསྣན་ཏེ། གཞི་རིམ་ཏང་ཡོན་ལས་བྱེད་པར་ཅིའི་ཕྱིར་སློབ་པ་དང་ཅི་ཞིག་སློབ་པ། ཇི་ལྟར་སློབ་པ་ཤེས་སུ་བཅུག་ནས། སློབ་སྦྱོང་རྣམ་པ་ཙམ་དང་ཕྱི་ཚུལ་ཙམ་མིན་པར་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་བྱས།

རེས་ཐེངས་གསུམ་པའི་སྐོར་དང་པོའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་མཛུབ་སྟོན་ཚན་ཆུང་གིས་ཚྭ་འདམ་གཞོང་གི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་གང་འདོད་དུ་རྒྱ་སྐྱེད་པའི་གནད་དོན་ཤེས་རྟོགས་བྱུང་། ཁྲིན་ཀང་ཚ་ཧན་ཐེ་ཤར་མ་ས་ཁུལ་དང་། མཚོ་སྔོན་ཚྭ་མཚོ་ལན་ཁི་ལཱིས་རིགས་མ་རྐང་ཚད་ཡོད་ཀུང་ཟི་རུ་སོང་སྟེང་། ཡུལ་དངོས་ནས་ལན་སྤྲོད་གནད་དོན་དག་ཐེར་དངོས་འབེབས་གནས་ཚུལ་ལ་ལྟ་སྐུལ་སློབ་སྟོན་བྱས་པ་དང་། དུས་ནམ་ཡང་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་སྟེ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱེད་པའི་སྔོན་འགྲོའི་འོག འཛམ་གླིང་རིམ་པའི་ཚྭ་མཐོ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་དགོས། ཚྭ་མཚོ་ཐོན་ལས་ཀྱི་འཕེལ་རྒྱས་འཆར་འགོད་དང་། ཚད་ལྡན་མ་ལག་མྱུར་དུ་འཐུས་ཚང་དུ་བཏང་སྟེ། ལན་སྤྲོད་གནད་དོན་དག་ཐེར་གནད་ཁེལ་ཡོང་བར་བྱེད་པ་དང་། ཚྭ་མཚོ་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བཏང་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཀང་ལྷོ་རིའི་འགག་གི་ཆུ་འཐེན་གསོག་ནུས་གློག་འདོན་ས་ཚིགས་རྣམ་གྲངས་ཀྱི་ཡུལ་དངོས་དང་། ཀྲུང་གོ་ལིའི་ཧྥ་སྡེ་ཚོགས་ལུའུ་ནུས་ནུས་ཁུངས་གསར་པ་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟི་དང་། ཚྭ་འདམ་གཞོང་སྤྲིན་གཞི་གྲངས་ལྟེ་གནས་དང་མདོ་དབུས་མཐོ་སྒང་གཞི་གྲངས་གནོད་འཚེ་གྲ་སྒྲིག་ལྟེ་གནས་བཅས་ལ་སོང་སྟེ། དག་གཙང་ནུས་ཁུངས་དང་ལྷད་མེད་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཁོས་ཚྭ་འདམ་གཞོང་གི་གཞི་རྒྱ་ཆེ་བའི་བྱེ་འགྱུར་ས་ཆའི་དགེ་མཚན་ལ་གཞི་བཅོལ་ཏེ། བདེ་འཇགས་དང་སྤུས་ལེགས། ནུས་མཐོ་བཅས་ཀྱི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། གསོག་ནུས་གསར་གྲས་ཀྱི་གནད་འགག་སྙོམ་སྒྲིག་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་ཚོགས་ཁྱུ་མྱུར་དུ་གྲུབ་པར་བྱེད་དགོས། རྩིས་གསོག་སྐྱེལ་གསུམ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལྷད་མེད་རྩིས་ནུས་མ་ལག་མྱུར་དུ་འཛུགས་གྲུབ་བྱས་ཏེ། མིས་བཟོས་རིག་ནུས་དང་ཐོན་ལས་ཕྲེང་འབྲེལ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་གཞི་གྲངས་ཅན་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས། དག་གཙང་ནུས་ཁུངས་དང་ལྷད་མེད་རྩིས་ནུས་མཉམ་འདྲེས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་ནན་བཤད་བྱས།

32356དམག་དཔུང་དུ་ཁྲིན་ཀང་གིས་དམག་དཔུང་གི་ལོ་རྒྱུས་ལ་རྒྱུས་ལོན་དང་དཔོན་དམག་ལ་མཚམས་འདྲི་བྱས། ཁོས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། དམག་ཁུལ་གྱི་མཉམ་ཤུགས་གཅིག་ཏུ་བསྡུ་བ་དང་། དམག་སྲིད་དམག་དམངས་མཐུན་སྒྲིལ་རོགས་རེས་བྱེད་པའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན་པར་མ་ཟད།  ལྷོ་རི་ཉག་གའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་དུ། ཁྲིན་ཀང་གིས་འགོག་རྐྱེན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཚད་མཐའི་བསམ་བློ་ཇེ་བརྟན་དུ་བཏང་སྟེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཅིག་ཅན་བཅུའི་བླང་བྱ་ལག་བསྟར་དང་དངོས་འབེབས་གང་ལེགས་བྱས་ནས། མཚོ་སྔོན་གྱི་ལྷོ་སྒོ་ཆེན་མོ་དང་མཐོ་དབུས་མཐོ་སྒང་གི་སྲོག་རྩ་ལེགས་པོར་སྲུང་དགོས་ཞེས་ནན་གྱིས་བསྟན།

ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།