ཟླ4ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀ་པོན་གྱི་བར་བརྒལ་ཙུང་ཐུང་ཨེན་ཀོས་མཱ་གཉིས་ཀྱིས་ཕན་ཚུན་བར་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ50འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཀ་པོན་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཡོད་པ་དང་རྒྱལ་ཁབ་གཉིས་ཀའི་བར་གྱི་མཛའ་བརྩེ་སྔར་ལས་ཇེ་དམ་དུ་ཕྱིན་ཡོད། དུས་རབས་ཕྱེད་ཀའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་ནའང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་ཀྱི་ལྟ་སྟངས་བཟུང་བ་དང་ཕན་ཚུན་བར་རྒྱབ་སྐྱོར་བྱས་པའི་དབང་གིས། ཕྱོགས་གཉིས་ཀའི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་བྱུང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ངོ་མ་བསྩལ་ཡོད། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད་ཅིང་། ཙུང་ཐུང་ཨེན་ཀོས་མཱ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་འགོ་འཛུགས་ས་གསར་པར་བརྩིས་ནས། རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་མཐུད་དང་ཕྱོགས་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ཟབ་སྤེལ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཉམ་དུ་ལག་གདང་སྦྲེལ་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་གསུངས།
ཨེན་ཀོས་མཱ་ཡིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་རིང་ལ། ཀ་པོན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀས་ཕན་ཚུན་བར་ཡིད་ཆེས་བྱས་པ་དང་། ཕན་ཚུན་བར་ལྟ་སྟངས་ཡང་དག་བཟུང་བའི་དབང་གིས། ཕྱོགས་གཉིས་ཀའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས། དམག་དོན་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀ་པོན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཐའེ་ཝན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ཀ་པོན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།