ཟླ4ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་བཟོ་ལས་དང་ཁེ་ལས་འཁོར་སྐྱོད་དང་། གཞི་གྲངས་ཅན་གྱི་ཚུལ་སྒྱུར། གཞི་རྒྱ་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་བདེ་འཇགས་ཐོན་སྐྱེད་སོགས་བྱ་བར་རྟོག་ཞིབ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་དར་བཟོ་ལས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་གཏོང་བ་དང་ལག་བསྟར་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་དགོས་ཤིང་། གསར་གཏོད་གསར་སྤེལ་གྱི་གསོན་ཤུགས་སྐུལ་སློང་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་བཏང་སྟེ། གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པའི་ཁྲོད་སྔར་ལས་ལྷག་པའི་བྱེད་ཕྱོགས་མངོན་དགོས་ཞེས་ནན་གྱིས་བསྟན།
མཚོ་སྔོན་ཟངས་ལས་ཚད་ཡོད་འགན་འཁྲི་ཀུང་ཟི་དང་། མཚོ་སྔོན་ཞང་ཧི་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་ཟི་རུ། ཝུའུ་ཞའོ་ཅུན་ཐོན་སྐྱེད་འཁོར་ཁང་དང་། ཐོན་ལས་འགྲེམ་སྟོན་ཚོམས་ཁང་དུ་སོང་ནས། ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་། ཚན་རྩལ་གསར་གཏོད། ཁེ་ལས་བཅོས་སྒྱུར་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཁེ་ལས་རིག་ནུས་ཅན་དུ་བསྒྱུར་ནས་གྲུབ་འབྲས་བླངས་པར་ཁས་ལེན་གང་ལེགས་བྱས། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཡིན་པའི་ཆ་ནས། དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ། རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་ཚན་རྩལ་གསར་གཏོད་ཤུགས་དྲག་ཏུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གང་མང་འཇོག་དགོས་པ་ནན་བཤད་བྱས་ཤིང་། མཚོ་སྔོན་ཡུན་ཐེན་ཧྭ་རྒྱལ་སྤྱིའི་ལུད་རྫས་ཚད་ཡོད་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་དེའི་མཚོ་སྔོན་གྱི་འཕེལ་རྒྱས་དང་། བཟོ་ལས་མཉམ་འབྲེལ་དྲ་བ་དང་ཉེན་སེལ་བདེ་འཇགས་ཐོན་སྐྱེད་སྟེགས་བུའི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཡུལ་དངོས་ནས་ཁེ་ལས་ཐོན་ལས་བདག་གཉེར་ཁྲོད་གནས་པའི་དཀའ་གནད་མཐུན་སྦྱོར་ཐག་གཅོད་དང་། ཁེ་ལས་ཀྱིས་རྒྱུན་ཆད་མེད་པར་གཞི་གྲངས་ཅན་དང་རིག་ནུས་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པར་བདག་གཉེར་དོ་དམ་གྱི་ནུས་པ་སྤྲོད་པ་དང་ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཉུང་གཏོང་། བདེ་འཇགས་ཐོན་སྐྱེད་བྱེད་པར་སྐུལ་མ་བྱས། རྨ་ཆུ་ཞིན་ལས་ཚད་ཡོད་ཀུང་ཟི་རུ། ཝུའུ་ཞའོ་ཅུན་ཁེ་ལས་བཙོ་སྦྱངས་འཁོར་ཁང་དུ་སོང་བ་དང་། ཡུལ་དངོས་ནས་ཧ་ཡང་ཐོན་སྐྱེད་དང་། བཟོ་རྩལ་བརྒྱུད་རིམ། ཐོན་ནུས་ཟད་གྲོན། ཕྱིར་གཏོང་ཚད་གཞི་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། སྔར་ལས་ལྷག་པར་ལག་རྩལ་སྒྱུར་བཅོས་ཇེ་ཆེར་གཏོང་བ་དང་རྒྱུ་རྐྱེན་འགན་སྲུང་ཤུགས་དྲག་ཏུ་གཏོང་བ། ཐོན་སྐྱེད་བཀོད་གཏོང་ལ་ཤུགས་བསྣན་ཏེ། ཁེ་ལས་འཕེལ་རྒྱས་ཀྱི་སྤུས་འབྲས་ཕྱོགས་ཡོངས་ནས་མཐོ་རུ་འདེགས་དགོས་ཞེས་ནན་བཤད་བྱས།
རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་ནི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཞི་ཡིན་ཞིང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱས་ཏེ། གནད་འགག་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་ཤུགས་ཆེར་གཏོང་བ་དང་། ཐོན་ལས་ཕྲེང་འབྲེལ་གྱི་གསར་གཏོད་ནུས་པ་ཇེ་མཐོར་གཏོང་བ། ལག་རྩལ་གསར་བའི་ཐོན་ལས་ཅན་དང་གཞི་རྒྱ་ཅན་གྱི་བཀོད་སྤྱོད་ལ་སྐུལ་འདེད་གཏོང་བ། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་རྒྱུན་ཆད་མེད་པར་གསར་འབྱེད་དང་འཕེལ་རྒྱས་བཏང་ནས། སྒུལ་ནུས་གསར་པ་དང་དགེ་མཚན་གསར་བ་བསྐྲུན་པ་དང་འཕེལ་རྒྱས་གཏོང་དགོས། སྲོལ་རྒྱུན་བཟོ་བསྐྲུན་ལས་རིགས་མྱུར་དུ་རིག་ནུས་ཅན་དང་ལྷད་མེད་ཅན། ཐཱན་ཉུང་ཅན་དུ་ཚུལ་སྒྱུར་བྱས་ཏེ། གསར་གཏོད་ཐོན་རྫས་གསར་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཕྲེང་འབྲེལ་སྟོད་སྨད་བར་གསུམ་དུ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ། ཐོན་རྫས་ཀྱི་ཟུར་ཐོན་རིན་ཐང་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་བཅས་བྱས་ནས། སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་གསར་བ་ལྡན་པར་བྱེད་དགོས། སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ནས་གཞི་རྒྱ་ཆེ་བའི་སྒྲིག་ཆས་གསར་སྒྱུར་ལ་སྐུལ་འདེད་བཏང་སྟེ། གྲོན་ཆུང་ཐཱན་དམའ་དང་བདེ་འཇགས་ཐོན་སྐྱེད། གཞི་གྲངས་ཅན་གྱི་ཚུལ་སྒྱུར། རིག་ནུས་ཅན་གྱི་རིམ་སྤོར་སོགས་ཁ་ཕྱོགས་གཙོ་བོར་འཛིན་པ་དང་། ཐོན་སྐྱེད་སྒྲིག་ཆས་དང་ནུས་བཀོལ་སྒྲིག་ཆས་སོགས་མྱུར་དུ་གསར་སྒྱུར་དང་ལག་རྩལ་སྒྱུར་བཅོས་གཏོང་དགོས། ཁེ་ལས་དོ་དམ་ལ་ཤུགས་བསྣན་ཏེ། བདེ་འཇགས་ཐོན་སྐྱེད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་ཁག་དངོས་འབེབས་ཞིབ་ཚགས་བྱེད་པ་དང་། དུས་ལྟར་འགོག་རྐྱེན་སྣ་ཚོགས་གནད་འཁེལ་སྒོས་སེལ་བ་དང་། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒོ་དང་། སྐྱེ་ཁམས་ཁོར་སྲུང་གི་འགག་སྒོ་བརྟན་སྲུང་བྱེད་དགོས། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་བྱ་བའི་ལག་ལེན་ཁྲོད་དངོས་འབེབས་བྱེད་དགོས་ཤིང་། དེ་སྤུས་ཚད་མཐོ་བའི་འཕེལ་རྒྱུས་ལ་སྐུལ་འདེད་གཏོང་བའི་ཕན་ལྡན་བྱེད་ཐབས་སུ་བསྒྱུར་བ་དང་། སྔར་ལས་རང་འགུལ་གྱིས་ཁེ་ལས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། རང་འགུལ་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཁེ་ལས་དགོས་མཁོ་དང་སྦྲེལ་མཐུད་བྱེད་ཚད་ཞིབ་ཚགས་ཇེ་དམ་དུ་གཏོང་བ། སྲིད་ཇུས་རྒྱབ་སྐྱོར་ཤུགས་དྲག་དང་རྒྱུ་རྐྱེན་འགན་སྲུང་ཇེ་ཆེར་གཏོང་བ། ཁེ་ལས་ཀྱི་ནང་གནས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་སྐུལ་སློང་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།
རིག་འཛིན་སྒྲོལ་མས་བསྒྱུར།